




ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར་ལས། དེ་ཡང་དབྱར་དགུན་གྱི་ཆོས་དུས་རྒྱུད་སྡེ་ལ་སོགས་པའི་བཤད་པ་དང་། སྒྲུབ་དཀྱིལ་ལ་སོགས་པའི་ལག་ལེན་གྱི་སྐོར་དང་། གསུང་ངག་ལ་སོགས་པ་ཁྲིད་ཀྱི་རིམ་པ་སྣ་ཚོགས་གསུང་ཞིང་། སྟོན་དཔྱིད་ཀྱི་དུས་སུ་རྡོ་རྗེ་ཕྲེང་བ་དང་། ཟུར་བཀའི་རིགས་སྣ་ཚོགས་གང་སྐབས་སུ་བབས་པའི་དབང་བསྐུར་རྣམས་ཟང་ཟིང་མེད་པའི་ཆོས་སྦྱིན་མཛད་པ། ཞེས་པ་ལྟར་ངོར་ཆེན་རྡོ་རྗེ་འཆང་ནས་ངོར་ཨེ་ཝཾ་པའི་མཁན་རབས་རིམ་བྱོན་གྱིས་གདན་ས་ཆེན་མོ་དཔལ་ཨེ་ཝཾ་ལྡན་དུ་དབྱར་ཆོས་དང་དགུན་ཆོས་ཅེས་མདོ་རྒྱུད་དུ་མའི་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར་བའི་ཕྱག་སྲོལ་བཟང་པོ་ཡོད་པ་བཞིན། བྱེས་ཀྱི་གདན་ས་ངོར་དཔལ་ཨེ་ཝཾ་ཆོས་ལྡན་འདི་ཉིད་ཕྱག་བཏབ་ནས་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པ་འི་མཆོག་དང་། ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ངོར་ཐར་རྩེ་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་མཆོག་གི་དབུས་མཁན་ཞབས་རྣམ་པས་ཆོས་ཀྱི་འཁོར་ལོ་བསྐོར་དང་སྐོར་མུས་དང་། ལྷག་པར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཞེ་གཅིག་པ་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་གི་དབུས་རིས་མེད་བླ་ཆེན་རྣམ་པས་ཟབ་ཆོས་རྒྱུད་སྡེ་ཀུན་བཏུས་སོགས་བཀའ་དབང་གསུང་ཆོས་དུ་མའི་བཀའ་དྲིན་བསྐྱངས་ཡོད།