

ངོར་པའི་ཁང་ཚན་ཁག་གི་སྤྲོད།
ངོར་ཨེ་ཝཾ་ཆོས་ལྡན་འདིར་ལོ་རྒྱུས་ཐོག་ཁང་ཚན་བཅོ་བརྒྱད་བྱུང་བར་གྲགས་ཀྱང་། དུས་ཕྱིས་དངོས་སུ་ཡོད་པ་བཅུ་གཅིག་སྟེ། མི་ཉག །གླིང་པ། རོང་པོ། འདན་མ། དཔོན་པོ། ཉག་རེ། གློ་བོ། ཆུ་འདུས། གཞི་བདེ། འབུམ་པ། ལྷོ་པ་ཁང་ཚན་བཅས་སོ། །དེ་དག་སོ་སོའི་ཐོབ་ཁུངས་གྲྭ་པ་ནི། མདོ་སྨད་མི་ཉག་ཡུལ་དང་། ལྷ་ས། ལྷོ་ཁ། གཞིས་ཀ་རྩེ། རྒྱལ་རྩེ། ཕྱུག་པོ་གཞུང་སོགས་ཉེ་འཁོར་ཁག་ཅིག་སྟེ། ཡུལ་གྲུ་དེ་དག་ནས་ཕེབས་པའི་དགེ་འདུན་པ་གདན་ས་འདིར་གཏན་སྡོད་བྱེད་པའམ་གནས་སྐབས་བཀའ་ཆོས་ཞུ་བར་ཡོང་མཁན་ཚང་མ་མི་ཉག་ཁང་ཚན་དུ་གཏོགས་པ་ཡིན་ནོ།།


མདོ་ཁམས་སྡེ་དགེའི་མངའ་ཁུལ་ནས་ཕེབས་པ་རྣམས་གླིང་པ་ཁང་ཚན་དུ་གཏོགས་པ་ཡིན། མདོ་སྨད་དཀར་མཛེས་ཁུལ་དང་། ཨ་མདོ། འགོ་ལོག་ཁུལ་དང་། གཞིས་རྩེ་གྲྭས་ཁུལ་ནས་ཕེབས་པ་རྣམས། རོང་པོ་ཁང་ཚན་དུ་གཏོགས། སྒ་སྟོད་ཁུལ་དང་། འདན་ཁོག་ཁུལ་ནས་ཕེབས་པ་རྣམས་འདན་མ་ཁང་ཚན་དུ་གཏོགས། ཉག་རོང་། ལི་ཐང་། རྟའུ་ཁུལ་ནས་ཕེབས་པ་རྣམས་དཔོན་པོ་ཁང་ཚན་དུ་གཏོགས། བྲག་གཡབ་དང་། སྨར་ཁམས། ཁྲོ་གཞིས་ཀའི་མངའ་ཁུངས། རྐང་བཞི་བཅས་ནས་ཕེབས་པ་རྣམས་ཉག་རེ་ཁང་ཚན་དུ་གཏོགས། གློ་བོ་དང་བྱང་གནམ་མཚོ་ཡན་ནས་གསེར་པ་དང་ལྗོངས་ནག་གཉིས། ནག་ཚང་མཚོ་དྲུག །འབྲོང་པ་སྟོད་སྨད་གཉིས། གཞིས་རྩེའི་ཁུལ་དུ་གཞིས་ཆགས་བལ་པོའི་མི་བརྒྱུད་བཅས་ནས་ཕེབས་པ་རྣམས་གློ་བོ་ཁང་ཚན་དུ་གཏོགས། ས་སྐྱ་ཁུལ་དང་། དེའི་ཉེ་འཁོར་ནས་ཕེབས་པ་ཕལ་ཆེར་ཆུ་འདུས་ཁང་ཚན་དུ་གཏོགས། སྟོད་མངའ་རིས་ཁུལ་ནས་ཕེབས་པ་རྣམས་ཞི་བདེ་ཁང་ཚན་དུ་གཏོགས། བྱང་ཁུལ་ཕྲུ་མ་དྲུག་ཅུའི་ཁུལ་དང་། རྟ་ནག་ཁུལ་ནས་ཕེབས་པ་རྣམས་འབུམ་པ་ཁང་ཚན་དུ་གཏོགས། སྡེ་དགེ་འཇོ་མདའ་ཁུལ་དང་། གོ་འཇོ་ཁུལ་ཕལ་ཆེར་ལྷོ་པ་ཁང་ཚན་དུ་གཏོགས་པ་བཅས་གསལ་ཞིང་། དུས་འགྱུར་རྗེས་འཕགས་ཡུལ་དུ་ཁང་ཚན་གསར་བཞེངས་གནང་མེད།



མཁན་ཆེན་རིན་པོ་ཆེའི་ཞལ་རྒྱུན་ལྟར་ཁང་ཚན་བཅུ་གསུམ།
༡༽ མི་ཉག་ཁང་ཚན་ལ། མེ་ཉག་ལུང་ཁག་བཞི། དབུས་གཙང་ནས་ལྷ་ས་དང་། ལྷོ་ཁ། རྒྱང་རྩེ། དཔལ་རྣམ་ཁུལ། (གཞིས་ཀ་རྩེ། ཕྱུག་པོ་གཞུང་སོགས་ཉེ་འཁོར་ཁག་ཅིག)
༢༽ འདན་མ་ཁང་ཚན་ལ། སྒ་སྟོད། འདན་དགོན་ཉི་ཤུ་རྩ་གཅིག
༣༽ རོང་པོ་ཁང་ཚན་ལ། དཀར་མཛེས། ཨ་མདོ། མགོ་ལོག་ཁུལ། གཙང་དུ་གཞི་ཀ་རྩེ། སྲང་ཁུལ། (གཞིས་རྩེ་གྲྭས་ཁུལ)
༤༽ འབུམ་པ་ཁང་ཚན་ལ། བྱང་ཐང་ཕྲུ་མ་དྲུག་ཅུའི་ཁུལ། གཙང་དུ་རྟ་ནག་ཁུལ།
༥༽ ག་གཟི་ཁང་ཚན་ལ། འཇོ་འདའ་ཁུལ་ཕལ་ཆེར་དང་། གོ་འཇོ།
༦༽ གཟིལ་གནོན་ཁང་ཚན་ལ། ལི་ཐང་ཁུལ།
༧༽ གླིང་པ་ཁང་ཚན་ལ། སྡེ་དགེ་ཤར་རྒྱུད་ཕལ་ཆེར་དང་། གླིང་ཚང་།
༨༽ དཔོན་པོ་ར་ཁང་ཚན་ལ། ཉག་རོང་། རྟའུ། ཆ་ཕྲེང་ཁུལ། (ལི་ཐང་)
༩༽ ཉག་རེ་ཁང་ཚན་ལ། བྲག་གཡབ། སྨར་ཁམས། འཇུ་པ་ཁུལ་སོགས། གཙང་དུ་ཁྲོ་གཞིས་ཀ་ཁུལ། རྐང་བཞི། འབྲུག
༡༠༽ གློ་བོ་ཁང་ཚན་ལ། གློ་སྟོད་སྨད། བྱང་ཐང་སྟོད་ཁུལ། (བྱང་གནམ་མཚོ་ཡན་ནས་གསེར་པ་དང་ལྗོངས་ནག་གཉིས། ནག་ཚང་མཚོ་དྲུག །འབྲོང་པ་སྟོད་སྨད་གཉིས། གཞིས་རྩེའི་ཁུལ་དུ་གཞིས་ཆགས་བལ་པོའི་མི་བརྒྱུད་བཅས)
༡༡༽ གཞི་སྡེ་(ཞི་བདེ)ཁང་ཚན་ལ། མངའ་རིས། ལ་དྭགས། སྤྱི་ཏི་ཁུལ།
༡༢༽ ལྷོ་པ་ཁང་ཚན་ལ། ནང་ཆེན། ཝ་ར། ཤོང་ཐོ། གླེ་མདའ་ཁུལ། (སྡེ་དགེ་འཇོ་མདའ་ཁུལ་དང་། གོ་འཇོ་ཁུལ་ཕལ་ཆེར)
༡༣༽ ཆུ་འདུས་ཁང་ཚན་ལ། ས་སྐྱ། ཆུ་འདུས། ཅིབ་ལུང་ཁུལ།