
ཐར་རྩེ་བླ་བྲང།
ཐར་རྩེ་བླ་བྲང་ནི། རབ་བྱུང་བརྒྱད་པའི་མཇུག་ཙམ་ལ་ངོར་ཁྲི་རབས་བདུན་པ་ཡོངས་འཛིན་དཀོན་མཆོག་འཕེལ་གྱིས་བཞེངས་ཤིང་། དེ་ནས་མཁན་རབས་རིམ་བྱོན། ཁྲི་རབས་དགུ་པ་རྗེ་ལྷ་མཆོག་སེང་གེ ཁྲི་རབས་བཅུ་བདུན་པ་པཎ་ཆེན་བྲང་ཏི་ནམ་མཁའ་དཔལ་བཟང་། ཁྲི་རབས་ཞེ་བཞི་པ་བྱམས་པ་ནམ་མཁའ་འཆི་མེད། ཁྲི་རབས་ཞེ་བདུན་པ་བྱམས་པ་ཀུན་དགའ་བསྟན་འཛིན། ཁྲི་རབས་ང་གཅིག་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། ཁྲི་རབས་ང་བརྒྱད་པ་འཇམ་དབྱངས་རིན་ཆེན་རྡོ་རྗེ། ཁྲི་རབས་རེ་གསུམ་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན། ཁྲི་རབས་རེ་བདུན་པ་ཐར་རྩེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ཁྲི་རབས་དོན་གཅིག་པ་ཐར་རྩེ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྲི་རབས་དོན་བཞི་པ་ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན། ཁྱད་པར་ཐར་རྩེ་ཁུ་དབོན་རྣམ་གསུམ་སོགས་ཀྱིས་ནང་བསྟན་སྤྱི་དང་བྱེ་བྲག་དཔལ་ས་སྐྱའི་གསུང་ངག་ལམ་འབྲས་ཐད་བཀའ་དྲིན་ཆེ་བའི་མཁན་རབས་དུ་མ་བྱོན་ཡོད་ལ། ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ངོར་ཁྲི་རབས་དོན་བདུན་པ་ངག་དབང་བསོད་ནམས་མཆོག་ལྡན་མཆོག་ནས་བསྟན་འགྲོའི་དོན་མཛད་བཞིན་བཞུགས་པ་བཅས།

