ངོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཞི་རིམ་སློབ་གྲྭའི་ངོ་སྤྲོད།
ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་དགོངས་གཞི་ལྟར་གྲྭ་ཕྲུག་ཚོར་ནང་ཆོས་དང་ཆོ་ག་ཕྱག་ལེན་ཙམ་མ་ཡིན་པར་བོད་ཀྱི་ཐུན་མོང་སྐད་ཡིག་དང་རིག་གཞུང་། དེ་བཞིན་དེང་རབས་སྐད་ཡིག་རིག་གནས་སོགས་དགོས་མཁོ་ཆེར་དགོངས་ནས་སློབ་གྲྭ་འདིར་བོད་ཀྱི་རིག་གནས་དང་དབྱིན་ཇིའི་སྐད་ཡིག་སོགས་སློབ་ཁྲིད་གནང་བཞིན་པ་དང་། སློབ་གྲྭ་འདི་བཙུགས་པ་ནས་བཟུང་ད་བར་གྲྭ་ཕྲུག་བརྒྱ་ཕྲག་འགར་གཞི་རིམ་སློབ་གྲྭ་ནས་མཐར་སོན་ཏེ་ཆེས་མཐོའི་སློབ་སྦྱོང་སླད་གསང་ཆེན་རྒྱུད་གྲྭ་དང་དེ་བཞིན་དགོན་སྡེ་ཁག་འདྲ་མིན་ནང་ཕེབས་བཞིན་ཡོད། ད་ལྟའི་ཆར་གཞི་རིམ་སློབ་གྲྭའི་ནང་སྔོན་འགྲོ་འོག་མ་འཛིན་གྲྭ་ནས་འཛིན་རིམ་བདུན་པའི་བར་ཡོད། དེ་ཡང་བོད་ཡིག་སློབ་ཁྲིད་ཀྱི་སློབ་ཚན་གཙོ་བོ་ནི་དབུས་ས་སྐྱ་སྨོན་ལམ་ཐེབས་རྩའི་ཤེས་ཡོན་ལས་གཞི་བརྒྱུད་དཔར་དུ་བསྐྲུན་པའི་ 《བོད་ཀྱི་གཞི་རིམ་སྐད་ཡིག་སློབ་དེབ་རིགས་པའི་གཏེར།》ཞེས་པ་སློབ་ཚན་གཙོ་བོ་རུ་བཟུང་ནས་སློབ་ཁྲིད་བྱེད་མུས་དང་། དེ་བཞིན་ཞོར་དུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དཔར་དུ་བསྐྲུན་པའི་བོད་ཡིག་སློབ་དེབ་སོགས་ལོ་ལྟར་སློབ་ཁྲིད་བྱེད་བཞིན་ཡོད། དེ་ཡང་དབྱིན་ཇིའི་སློབ་ཚན་རྒྱ་གར་རྒྱལ་ཡོངས་ CBSE ཡི་གཏན་བེབས་བྱེད་པའི་སློབ་ཚན་ 《Gulmohar》ཞེས་པ་དབྱིན་སྐད་དཔེ་དེབ་གཙོ་བོར་བཟུང་ནས་སློབ་ཁྲིད་གནང་བཞིན་ཡོད། དེ་མིན་སྤྱིར་བཏང་ཤེས་བྱའི་སློབ་ཚན་དང། སྤྱི་ཚོགས་རིག་གནས། ཚན་རིག་དང་ཨང་རྩིས་སོགས་སློབ་ཕྲུག་གི་སྤྱི་ཡོངས་ཀྱི་ཤེས་ཚད་གོང་འཕེལ་སླད་སློབ་ཁྲིད་ཀྱི་ཞོར་དུ་ཡང་བསླབ་བཞིན་ཡོད། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་ཚན་བསླབ་རྒྱུ་ཙམ་མ་ཡིན་པར་རྒྱུན་ལྟར་མིའི་མི་ཚེ་ཞིག་གི་ནང་འགྲོ་སྟངས་ལམ་ལུགས་དང། བསམ་བློ་གཏོང་སྟངས། གཞན་ཕན་སྒྲུབ་སྟངས། དེ་བཞིན་བྱམས་སྙིང་རྗེའི་སྐོར་སོགས་ཀྱི་སློབ་གསོ་གནང་བཞིན་ཡོད། དེ་བཞིན་སློབ་ཁྲིད་ཀྱི་ཞོར་དུ་སློབ་ཕྲུག་གི་རྣམས་སྒེར་སོ་སོའི་རིག་རྩལ་གོང་འཕེལ་སླད་བྱེད་སྒོ་ཁག་འདྲ་མིན་སྤེལ་བཞིན་པ། དཔེར་ན་སློབ་ཕྲུག་ཆ་ཚང་སྡེ་ཚན་བཞི་རུ་བགོ་ནས་ཉིན་ལྟར་ཞོགས་པའི་འདུ་འཛོམས་ཐོག་སྡེ་ཚན་རེ་རེ་ནས་སློབ་ཕྲུག་སྒེར་ངོས་ནས་གཏམ་བཤད་ཀྱི་བྱེད་སྒོ་འདྲ་མིན་སྤེལ་གྱི་ཡོད།



