ENzhbo
ཞལ་འདེབས།
སྒྲུབ་མཆོད།

ངོར་ལུགས་དཀྱིལ་འཁོར་བདུན།

༄༅། །ངོར་ལུགས་དཀྱིལ་འཁོར་བདུན་གྱི་ངོ་སྤྲོད།།

།བླ་མ་དང་གཉིས་སུ་མེད་པའི་ལྷག་པའི་ལྷ་མཆོག་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ངོར་ལུགས་དཀྱིལ་འཁོར་བདུན་གྱི་ལོ་རྒྱུས་མདོ་བསྡུས་ཙམ་བྲི་བ་བྱའོ། འདི་བཤད་པ་ལ་དཀྱིལ་འཁོར་བདུན་སྤྱིའི་སྐོར་བཤད་པ་དང་། དཀྱིལ་འཁོར་བདུན་སོ་སོའི་སྐོར་བཤད་པ། དཀྱིལ་འཁོར་གྱི་ཕན་ཡོན་སྐོར་བཤད་པ་དང་གསུམ་ལས། དང་པོ་ནི། ངོར་ལུགས་དཀྱིལ་འཁོར་བདུན་ཞེས་པ་འདི་ནི། གདན་ས་ཆེན་པོ་དཔལ་ངོར་ཨེ་ཝྃ་ཆོས་ལྡན་དུ་གསང་སྔགས་ཀྱི་རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབ་མཆོད་མི་འདྲ་བ་ཁག་མང་དུ་ཡོད་པ་ལས། བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་བདུན་གྱི་སྒྲུབ་མཆོད་ཁག་ཡིན་ལ། སྤྱིར་གསང་སྔགས་བླ་མེད་ཀྱི་རྒྱུད་ལ་ནང་ཚན་གྱི་དབྱེ་ན་ཕ་རྒྱུད་དང་། མ་རྒྱུད། གཉིས་མེད་ཀྱི་རྒྱུད་དང་གསུམ་ཡོད་པས། འདིར་སྒྲུབ་མཆོད་ཁག་ནི་ཕ་རྒྱུད་གསང་འདུས་ཀྱི་སྐོར་ལ། ༡གསང་འདུས་མི་བསྐྱོད་པ་དང་། ༢གསང་འདུས་འཇམ་པའི་རྡོ་རྗེ་སྟེ་གསང་འདུས་ཀྱི་སྐོར་གཉིས། མ་རྒྱུད་བདེ་མཆོག་གི་སྐོར་ལ། ༣བདེ་མཆོག་ལཱུ་ཧི་པ་དང་། ༤བདེ་མཆོག་ནག་པོ་པ་སྟེ་བདེ་མཆོག་གི་སྐོར་གཉིས། ཟབ་པ་གཉིས་མེད་ཀྱི་རྒྱུད་ལ་༥ཀྱེ་རྡོར་རྩ་རྒྱུད་ལ་བརྟེན་པའི་སྒྲུབ་མཆོད་དང་། ༦བཤད་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར་དང་། ༧ཐུན་མོང་བ་སམྦུ་ཊ་སྟེ་ཀྱེ་རྡོར་གྱི་སྐོར་སྒྲུབ་མཆོད་གསུམ་དང་བཅས། བླ་མེད་ཀྱི་དཀྱིལ་འཁོར་བདུན་པོ་འདི་དག་ལ་ངོར་ལུགས་དཀྱིལ་འཁོར་བདུན་ཞེས་ཞུས་པ་ཡིན་ནོ། འོ་ན་དཀྱིལ་འཁོར་བདུན་པོ་འདིར་ངོར་ལུགས་སུ་འགྱུར་ཚུལ་ཇི་ལྟར་ཡིན་ཞེ་ན། དཀྱིལ་འཁོར་བདུན་གྱི་བརྒྱུད་རིམ་ནི། ཐོག་མ་རྡོ་རྗེ་འཆང་ནས་འཕགས་ཡུལ་གྱི་གྲུབ་ཆེན་སོ་སོར་བཀའ་བབས་ཏེ། རིམ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་བ་ཆེན་པོ་རྣམས་ལས་རྗེ་བཙུན་གོང་མ་ལྔར་བཀའ་བབས་ཤིང་། དེ་ནས་བརྒྱུད་དེ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་སྲོལ་ད་ལྟའི་བར་སྨིན་གྲོལ་གྱི་བརྒྱུད་པ་མ་ཉམས་པར་ཡོད་པའི་ཚུལ་འོག་ནས་འཆད་པ་ལྟར་ཡིན་ལ། སྤྱི་ལོ་༡༤༥༦ལོར་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་སྐུ་མྱ་ངན་ལས་འདས་སྐབས་སུ་གང་གི་རྒྱལ་ཚབ་མུས་ཆེན་སེམས་དཔལ་ཆེན་པོས། གོང་དུ་བཤད་པའི་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་བདུན་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་སྲོལ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། ངོར་ཆེན་གྱི་དགོངས་རྫོགས་སུ་དཀྱིལ་འཁོར་བདུན་ལྷན་ཅིག་ཏུ་འཚོགས་པས།

དེ་ནས་བཟུང་ངོར་ལུགས་དཀྱིལ་འཁོར་བདུན་ཞེས་སྙན་པའི་གྲགས་པ་འཛིན་མའི་ཁྱོན་ཀུན་ཏུ་ཁྱབ་པར་བྱུང་བ་ཡིན་ནོ། དེ་ནས་བཟུང་སྤྱི་ལོ་༡༩༥༩ལོར་དུས་འགྱུར་མ་བྱུང་གི་བར་ལོ་ལྔ་བརྒྱ་ལྷག་ཙམ་གྱི་རིང་ལ་གདན་ས་ཆེན་པོ་དཔལ་ངོར་ཨེ་ཝྃ་ཆོས་ལྡན་དུ་ལོ་ལྟར་འདུ་ཁང་ཆེན་མོའི་ནང་དུ་དབུས་སུ་ཀྱེ་རྡོར་དང་ཟུར་གཉིས་ལ། གུར་དང་། སྃ་ཊ་གཉིས། ཟུར་གཞན་གཉིས་ལ་གསང་འདུས་དང་བདེ་མཆོག་གཉིས་གང་རུང་རེ་རེའི་རེས་མོས་སུ། བོད་ཟླ་བཞི་པའི་ཚེས་ཉི་ཤུ་གཉིས་ནས་དབུ་འཛུགས་སྟེ་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་ལྷན་ཅིག་ཏུ་འཚོགས་སྲོལ་ཡོད་ཅིང་། དབུས་ཀྱི་ཀྱེ་རྡོར་གྱི་རྡོ་རྗེ་སློབ་དཔོན་ནི། ངོར་མཁན་པོ་ཁྲི་བས་མཛད་པ་དང་ཟུར་བཞིར་བསྙེན་སོང་གི་རྡོ་རྗེ་སློབ་དཔོན་བཞིས་མཛད་དེ། འདོན་པ་རྣམས་ཀྱང་དལ་པོའི་ངང་སྒྲུབ་མཆོད་ལྔའི་ཆོ་ག་འདོན་མཚམས་རྣམས་ཀྱང་། ཕན་ཚུན་བསྒྲིགས་ནས་འདོན་དགོས་པ་ལས་སློབ་དཔོན་སོ་སོས་འདོད་མོས་ལྟར་འདོན་མི་ཆོག་ཅིང་། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ཡ་མ་བྲལ་བའི་སྒོ་ནས་་ཉིན་འཚོགས་དང་། མཚན་འཚོགས་བཅས་ཉིན་ཞག་རེར་ཆོ་ག་ཚར་གཉིས་རེ་འདོན་སྲོལ་ཡོད། ཆོག་གྲྭ་བ་རྣམས་ཀྱིས་ཆོ་ག་ཚང་མ་བློ་ཐོག་ནས་འདོན་བཞིན་དགའ་དད་སྤྲོ་གསུམ་ངང་ནས་ངོར་པའི་སྒྲུབ་མཆོད་ཆེན་མོ་འཚོགས་བའི་ཕྱག་སྲོལ་བཟང་པོ་བྱུང་ཡོད། སྒྲུབ་མཆོད་འཚོགས་སྟངས་ནི་བོད་ཟླ་བཞི་པའི་ཚེས་༢༢ཉིན་གུར་གྱི་ས་ཆོག་འཚོགས་དགོས་ཤིང་། ས་ཆོག་གྲུབ་པ་དང་དཀྱིལ་འཁོར་ལྔ་སོ་སོར་སྐྱ་ཐིག་རྒྱག་སྟེ་མཆོད་པ་རྣམས་རྒྱས་སྤྲོས་སུ་བཤམས་སྲོལ་ཡོད། དེ་ནས་སྒྲུབ་མཆོད་ཀྱི་རྟ་གོན་མཚན་མོ་ཆུ་ཚོད་བཅུ་གཉིས་སམ་དང་པོ་ཙམ་ནས་དབུ་འཛུགས་ཏེ་དེའི་ཕྱི་ཉིན་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་ནས་རྟ་གོན་འདོན་གྲུབ་པ་མཛད། དེ་ནས་དེའི་ཉིན་མོར་དཀྱིལ་འཁོར་སོ་སོར་རྡུལ་ཚོན་རྣམས་ཕྱོགས་སོ་སོས་བླུག་བཞིན་ཡོད། སྒྲུབ་མཆོད་ཀྱི་དངོས་གཞིའི་སྐབས་སུ་མཚན་མོ་ཆུ་ཚོད་བཅུ་གཅིག་ཙམ་ནས་འདོན་པ་དབུ་འཛུགས་ཏེ། དེའི་ཕྱི་ཉིན་མོ་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་གྱི་བར་དུ་ཆོ་ག་ཚར་གཅིག་གྲུབ་པ་མཛད།

དེ་ནས་ཆུ་ཚོད་གཅིག་ཙམ་བར་སེང་མཛད་དེ་སླར་ཡང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ནས་ཕྱི་དྲོ་ཆུ་ཚོད་ལྔ་པ་ཙམ་ལ་ཆོ་ག་ཚར་གཅིག་གྲུབ་པ་མཛད་དོ། དེ་ལྟ་བུའི་དངོས་གཞི་ཉིན་ཞག་དྲུག་གི་རིང་ལ་བདག་མདུན་བུམ་གསུམ་དང་མཆོད་བསྟོད་རྒྱས་པ་ཕྱི་རོལ་གཏོར་མ་བདག་འཇུག་བླངས་པ་སོགས། མཐོང་བ་བརྒྱུད་པའི་ཕྱག་ལེན་མ་ཉམས་པར་གདངས་དབྱངས་དང་བཅས་པའི་འཚོག་བཞིན་ཡོད། ཚེས་༢༥ཉིན་སྒྲུབ་མཆོད་ཁག་སྔ་བཞིན་དང་དེའི་སྟེང་དུ་འཚོགས་པ་ལྔ་ལྷན་གཅིག་ཏུ་བླ་མཆོད་འདོན་དགོས། དངོས་གཞི་མཐའ་མའི་ཉིན་སྒྲུབ་མཆོད་ཀྱི་ཆོ་ག་གྲུབ་སྟེ་དཀྱིལ་འཁོར་གཤེགས་གསོལ་མཛད་ཟིན་པ་དང་། དཀྱིལ་འཁོར་ལྔའི་བླ་སློབ་ཚང་མ་ལྷན་དུ་འཛོམས་ཏེ་པུ་ཊའི་གར་འཁྱམས་མཛད། དེ་གྲུབ་པ་དང་ཁང་ཐོག་ཏུ་ཆོས་སྐྱོང་ལ་གཏོར་འབུལ་སོགས་ཕུལ་ཏེ། ལོ་དེའི་ངོར་པའི་སྒྲུབ་མཆོད་ཆེན་མོ་ལེགས་པར་གྲུབ་པ་ཡིན་ནོ། དུས་འགྱུར་བྱུང་བའི་རྗེས་འཕགས་ཡུལ་དུ་ངོར་ཨེ་ཝྃ་ཆོས་ལྡན་བྱེས་ཀྱི་གདན་ས་རུ་སྒྲུབ་མཆོད་ཆེན་མོའི་སྐབས་སྔ་སྲོལ་བཟང་པོ་མ་ཉམས་པར་འཚོག་བཞིན་ཡོད་ཀྱང་། ཡུལ་དུས་ཀྱིས་དབང་གི་ཆོ་ག་རྣམས་ཉིན་རེར་ཚར་རེ་རེ་ལས་འདོན་གྱི་མེད། སྒྲུབ་མཆོད་ཀྱི་ཆོ་ག་རྣམས་ནི་གོང་ཞུས་ལྟར་མུས་ཆེན་སྐབས་ནས་ཡོད་ཀྱང་ཕྱིས་སུ་ངོར་དཔོན་སློབ་ངག་དབང་ལེགས་གྲུབ་ཀྱིས་ཁ་འབབས་རྣམས་བཞིའི་རྒྱུན་ལྟར་འདོན་ཆོག་ཏུ་བསྒྲིགས་ཡོད་ལ། དུས་འགྱུར་གྱི་རྗེས་འཕགས་ཡུལ་དཔལ་ངོར་ཨེ་ཝྃ་ཆོས་ལྡན་དུ་བདག་ཅག་རྣམས་ཀྱི་འདྲེན་མཆོག་བླ་མ་དམ་པ། ངོར་ཤར་ཆེན་༧ཀླུང་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མས་བློ་དམན་རྣམས་ཀྱིས་ཀྱང་བཀླག་ཆོག་གི་ཚུལ་དུ་ནགས་འགྲོས་སུ་བཟོས་གནང་ཡོད། གཉིས་པ་དཀྱིལ་འཁོར་བདུན་སོ་སོའི་སྐོར་བཤད་པ་ལ།  སྤྱིར་ངོར་ལུགས་དཀྱིལ་འཁོར་བདུན་ནི་རྒྱུད་སྡེ་བཞི་ལས་གོང་དུ་བཤད་པ་ལྟར་བླ་མེད་ཀྱི་ཁོངས་སུ་གཏོགས་པ་ཡིན་པས། དེ་ལ་རྒྱུད་སྡེའི་སྒོ་ནས་དབྱེ་ན། ཐབས་སམ་བསྐྱེད་རིམ་གཙོ་བོར་སྟོན་པ་ཕ་རྒྱུད་དང་། ཤེས་རབ་སམ་རྫོགས་རིམ་གཙོ་བོར་སྟོན་པ་མ་རྒྱུད། དེ་གཉིས་ཀའི་ཁྱབ་བྱེད་དུ་གྱུར་པ་ཟུང་འཇུག་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་དང་གསུམ་ཡོད། དང་པོ་ཕ་རྒྱུད་ལའང་། ཟླ་གསང་ཐིག་ལེ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར། གདུལ་བྱ་འདོད་ཆགས་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་གསང་བ་འདུས་པའི་སྐོར། གདུལ་བྱ་ཞེ་སྡང་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོར། གདུལ་བྱ་གཏི་མུག་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་སྐོར་དང་གསུམ་ཡོད་པ་ལས། དང་པོ་གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས་གཙོ་བོའི་དབྱེ་བའི་དཀྱིལ་འཁོར་སོ་གཉིས་ཙམ་སྟོན་པ་དང་། དེའི་རྒྱུད་ཕྱི་མ་དང་། བཤད་རྒྱུད་དགོངས་པ་ལུང་བསྟན་དང་། རྡོ་རྗེ་ཕྲེང་བ། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་རྣམས་ལ་བརྟེན་ནས་འཕགས་ཡུལ་དུ་འདུས་པའི་སྲོལ་ཆེན་བདུན་ཙམ་བྱུང་བ་ལས། 

Rituals of Gratitude

Practicing Gratitude in Tibetan Culture

ཞིབ་ཕྲ་གཟིགས་རོགས།

Rituals of Healing

Healing Rituals in Tibetan Buddhism

ཞིབ་ཕྲ་གཟིགས་རོགས།

Rituals for Peace

Rituals Promoting Peace in Tibet

ཞིབ་ཕྲ་གཟིགས་རོགས།

Tibetan Festivals

Celebrating Tibetan Festivals

ཞིབ་ཕྲ་གཟིགས་རོགས།

Tibetan Ritual Instruments

The Sounds of Tibetan Rituals

ཞིབ་ཕྲ་གཟིགས་རོགས།

Tibetan Tantra

Introduction to Tibetan Tantra

ཞིབ་ཕྲ་གཟིགས་རོགས།

Tibetan Mantras

Exploring Tibetan Mantras

ཞིབ་ཕྲ་གཟིགས་རོགས།