ENzhbo
DONATION

རྒྱུད་རྒྲ།

གངས་ཅན་བོད་ཀྱི་ཡུལ་དུ་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་རྒྱལ་བའི་ལུང་གིས་བསྔགས་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནི་ཕྱི་ལོ་༡༣༨༣ལོར་སྐུ་བལྟམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱི་སོགས་མཁས་གྲུབ་དུ་མར་བསྟེན་ཏེ་བོད་ཡུལ་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར། ཁོང་གིས་ཕྱི་ལོ་༡༤༢༩ལོར་གཙང་དུ་གདན་ས་ཆེན་པོ་དཔལ་ངོར་ཨེ་ཝཾ་ཆོས་ལྡན་ཕྱག་བཏབ་པར་མཛད་དེ་བསྟན་འགྲོའི་དོན་ལ་སྟོན་པ་གཉིས་པ་ལྟ་བུའི་མཛད་འཕྲིན་ཁྱད་དུ་འཕགས་པ་བྱུང་ཡོད། དེའི་རྗེས་སུ་མུས་ཆེན་སེམས་དཔའ་ཆེན་པོ་དང་ཀུན་མཁྱེན་གོ་རམས་པ་སོགས་ཁོང་གི་དངོས་བརྒྱུད་འཛིན་པའི་སློབ་མ་མཁན་རབས་རིམ་བྱོན་གྱིས་གདན་ས་དེ་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྐྱངས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་སྒོམ་གསུམ་བྱ་ཡུལ་གྱི་བསྟི་གནས་བླ་ན་མེད་པ་ཞིག་ཏུ་གྱུར། ལྷག་པར་དུ་དུས་འགྱུར་མ་བྱུང་གི་བར་དུ་གདན་ས་དེ་ཉིད་དུ་མཁས་གྲུབ་རིམ་བྱོན་གྱིས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཚང་ལ་མ་ནོར་བ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཤིན་ཏུ་དར་ཞིང་རྒྱས་པར་མཛད་དེ། སྐལ་ལྡན་གྱི་སློབ་མ་རྒྱ་བོད་ཧོར་སོགས་ནས་ཕེབས་པའི་ནམ་མཁའི་སྐར་ཚོགས་ལྟར་གྲངས་ལས་འདས་པ་ཡོངས་ལ་དབང་ལུང་ཁྲིད་མན་ངག་རྒྱུད་བཤད་སོགས་གནང་ནས། དེ་རྣམས་ལ་ཐོས་བསམ་སྒོམ་གསུམ་བྱ་ཡུལ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་གྱུར་པས་རིས་སུ་མ་ཆད་པའི་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་པའི་བསྟན་འཛིན་གྱི་སྐྱེས་བུ་ཡང་བགྲང་ལས་འདས་པ་བྱོན་མྱོང་ཡོད། མདོར་ན་གདན་ས་ཆེན་པོ་དཔལ་ངོར་ཨེ་ཝཾ་ཆོས་ལྡན་ནི་སྔོན་དུས་སུ་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་བའི་ཆོས་སྡེ་ཆེན་པོ་རྣམས་དང་མཚུངས་པར་རྣམ་དཀར་གྱི་མཛད་བཟང་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པས་དངོས་བྱུང་གི་ལོ་རྒྱུས་རྒྱས་པ་ནི་གཞན་དུ་གཟིགས་པར་ཞུ། འདིར་འཕགས་ཡུལ་བྱང་ཕྱོགས་དྷེ་ར་རྡུན་གྱི་ས་གནས་སུ་དཔལ་ས་སྐྱའི་རྒྱུད་ཀྱི་བཤད་གྲྭ་འདི་ཉིད་གསར་དུ་བཞེངས་དགོས་པའི་རྒྱུ་མཚན་དང་བཞེངས་ཚུལ་རྣམས་རགས་བསྡུས་སུ་ཞུ་ན། ཕྱི་ལོ་༡༩༥༩ལོ་དུས་འགྱུར་གྱིས་དབང་གིས་བོད་ཡུལ་དུ་བསྟན་དགོན་ཡོངས་ལ་གོད་ཆགས་བསམ་ཡུལ་ལས་འདས་པ་བྱུང་སྟེ་མདོ་སྔགས་ཀྱི་བསྟན་པ་མཐའ་དག་ཤིན་ཏུ་ཉམས་ཆགས་སུ་གྱུར། དེ་རྗེས་རྒྱ་གར་སོགས་ཡུལ་གྲུ་མང་པོར་དགོན་པ་དང་མདོ་ཕྱོགས་ཀྱི་བཤད་གྲྭ་རྐང་ཚུགས་པ་བྱུང་ཡོད་ནའང་། ཤིན་ཏུ་ནས་གནད་ཆེ་བའི་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་བཤད་པ་རྣམས་འཆད་ཉན་བྱ་ཡུལ་གྱི་བཤད་གྲྭ་རྐང་ཚུགས་པ་ཞིག་མ་བྱུང་སྟབས། དེ་ཡང་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ཁྲི་རབས་དོན་དྲུག་པ་ཤར་ཆེན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་བསྐྱེད་བླ་ན་མེད་པའི་འོག་གསང་སྔགས་ཀྱི་རྒྱུད་བཤད་བཟང་པོ་རྣམས་ཉམས་པ་སླར་གསོའི་ཆེད། ཕྱི་ལོ་༢༠༠༤ལོ་ནས་དངོས་སུ་ཨར་ལས་ཀྱི་འགོ་བཙུགས་ཏེ་སྐུ་ངལ་འཛེམས་མེད་ངང་ཕྱི་རྟེན་གཙུག་ལག་ཁང་དང་དཔེ་མཛོད། འཛིན་ཁང་། གཟིམ་ཆུང༌། མཁན་པོ་དང་དགེ་བསྐོས་རྣམས་ཀྱི་ལས་ཤག སློབ་གཉེར་བའི་གྲྭ་ཤག་སོགས་དང་། ནང་དུ་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་བཅས་པ་ལེགས་པར་གྲུབ་པར་མཛད། གཞན་ཡང་ངོར་པའི་མཁན་ཞབས་བགྲེས་གཞོན་ཚང་མས་ཐུགས་མཐུན་འོ་ཆུ་གཅིག་འདྲེས་གནང་བ་དང་། དེ་བཞིན་ལས་བྱེད་སེར་སྐྱ་ཚང་མས་རང་རང་གི་མཁོས་བབས་ཀྱི་ཞུ་སྒོ་མཐའ་དག་ངལ་བ་ལྷུར་ལེན་གནང་ཞིང་དེ་མཚུངས་ཨེ་ཤ་ཡའི་ལྷོ་ཤར་གྱི་ས་ཁུལ་བཅའ་སྡོད་རྒྱ་རིགས་རྣམས་གཙོ་བོར་བྱས་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མ་བསྐུལ་དྭངས་བླངས་ངང་ཞལ་འདེབས་ཕུལ་བ་སོགས་ལ་བརྟེན་ནས་རིང་མིན་ལེགས་གྲུབ་བྱུང་། ཕྱི་ལོ་༢༠༠༨།༡༡།༨།ཉིན་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་མཁན་པོ་དཔོན་རིགས་དགེ་འདུན་པ་དང་མི་དམངས་བཅས་སྟོང་ཕྲག་ལྷག་གིས་དབུ་འབྱེད་ཀྱི་མཛད་སྒོ་ལེགས་གྲུབ་སྟེ། ད་ལྟའི་ཆར་མདོ་རྒྱུད་རིག་གནས་དང་བཅས་པར་སློབ་གཉེར་མཛད་པའི་དགེ་འདུན་པ་བརྒྱ་ཕྲག་ཙམ་ཞིག་གིས་སློབ་གཉེར་གནང་དང་གནང་མུས་སུ་མཆིས།

ང་ཚོའི་གནས་ཚུལ་གསན་གཟིགས་ཆེད་གློག་འཕྲིན་ཁ་བྱང་འདིར་གནང་རོགས།

Submit here
Thank you! Your submission has been received!
Oops! Something went wrong while submitting the form.