



ཆོ་ག་ཕྱག་ལེན།
བོད་ཀྱི་དགོན་སྡེ་ཁག་ལ་དགོས་པ་དང་དོན་སྙིང་ཡོད་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱི་རིམ་པ་སྣ་ཚོགས་ཤིག་དར་ཡོད་ལ། དེ་ དག་ནི་བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་ཡང་གྱུར་ཡོད། དེ་དག་གིས་སྤྱི་ཚོགས་སུ་ཕྲལ་ཡུན་གྱི་ཕན་བདེ་བསྒྲུབས་དང་སྒྲུབ་བཞིན་པ་སྤྱི་མཚུངས་ལྟར། ངོར་དཔལ་ཨེ་ཝཾ་ཆོས་ལྡན་འདིར་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་ པ་གསུམ་ལ་ཉམས་ལེན་གྱི་ཕྱག་སྲོལ་བཟང་པོ་ཡོད་པ་བཞིན། འདིར་བཞུགས་དགེ་འདུན་པ་ཡོངས་སྡོམ་པ་གསུམ་གྱིས་རྒྱུད་ཕྱུག་ ཅིང་མདོ་སྔགས་གཞུང་ལུགས་རྒྱ་མཚོ་དང་། རྒྱུད་སྡེའི་ཕྱག་ལེན་ལ་ཐོས་བསམ། ཡི་དམ་ལྷ་ཡི་བསྙེན་སྒྲུབ་དང་ཉམས་ལེན་སོགས་ ཀྱིས་དུས་འདའ་ཞིང་། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། ། ཞེས་པ་ལྟར་ལུང་རྟོགས་ཀྱི་ཡོན་ཏན་མ་སྐྱེས་པ་སྐྱེད་བྱེད། སྐྱེས་པ་གོང་འཕེལ་དུ་བྱེད་པའི་གཞི་ཚུལ་ཁྲིམས་ལས་གནས་ཤིང་བསྟན་ པའི་རྩ་བ་དམ་ཆོས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་ཚང་ལ་མ་ནོར་བ་སྤྱོད་པ་འདུལ་བ་ལུང་དང་མཐུན་པའི་ཕྱག་བཞེས་མཛད་ ཅིང་། ལུང་རིག་གཏེར་མཛོད་ལས། མངོན་བྱང་ཆུབ་དང་ཆོས་འཁོར་དང་། །ལྷ་བབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་ གསོག་པ་ཡི། །ཁྱད་པར་ཅན་གྱི་དུས་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་ཀྱི་བྱིན་གྱིས་ བརླབས་པའི་དུས་ཆེན་ཁྱད་པར་ཅན། བདག་ཅག་གི་སྟོན་པ་བླ་ན་མེད་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། ཆོས་འཁོར་བསྐོར་ བ། ལྷ་ལས་བབས་པ།ཆོ་འཕྲུལ་མཛད་པ། སྐུ་མྱ་ངན་ལས་འདས་པ་སོགས་སངས་རྒྱས་ཀྱི་ཆེན་ཁག་སྲུང་བརྩི་དང་འབྲེལ་གནས.ཆོག་རྒྱས་པ་གསུང་སྲོལ་ཡོད་ལ། གཞན་ཡང་མཁས་གྲུབ་གོང་མ་རིམ་བྱོན་གྱི་དུས་ཆེན་ལ་བླ་མཆོད་ཚོགས་པ་སོགས་སྔར་རྒྱུན་བཟང་ པོ་མི་ཉམས་གོང་འཕེལ་དང་། ཉིན་ལྟར་བསྟན་པ་དེ་འཛིན་ཡོན་བདག་དང་བཅས་པའི་ཞབས་བརྟན་དུ་དམིགས་ཏེ་དགེ་འདུན་མང་ ཚོགས་ནས་སྒྲོལ་ཆོག་དང་དུས་བཞིར་བསྐང་གསོ་རྒྱས་པ་ཚོགས་རྒྱུ། ཁྱད་པར་དུ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་བདེ་བར་གཤེགས་པའི་དགོངས་རྫོགས་སུ་མུས་ཆེན་སེམས་དཔའ་ཆེན་པོས་བདུན་ཚིགས་བདུན་ལ་ལྷག་ལྷ་རེའི་སྒྲུབ་མཆོད་མཛད། དེ་ནས་ བཟུང་ངོར་ལུགས་དཀྱིལ་འཁོར་བདུན་ཏེ་ཕ་རྒྱུད་གསང་འདུས་མི་བསྐྱོད་པ་དང་། འཇམ་དཔའི་རྡོ་རྗེ་གཉིས། མ་རྒྱུད་འཁོར་ལོ་བདེ་ མཆོག་ལཱུ་ཧི་པ་དང་། ནག་པ་པོ་གཉིས། གཉིས་མེད་ཀྱི་རྒྱུད་ཀྱཻ་རྡོར་དང་། རྡོ་རྗེ་གུར། ས%་ཊ་བཅས་ངོར་ལུགས་རྒྱུད་སྡེ་བདུན་ནམ་ ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད། གཞན་ཡང་ཀུན་རིག་དང་། འཇིགས་བྱེད་དྲུག་ཅུའི་གཏོར་ཟློག་སོགས་ཀྱི་གཙོས་ཡི་དམ་ལྷ་ཡི་རྒྱུད་སྡེ་མང་པོའི་སྒྲུབ་མཆོད་སོགས་ཆོས་སྤྱོད་ཀྱི་མཛད་བཟང་བསྐྱངས་དང་སྐྱོང་མུས་ལགས་སོ།།
