ENzhbo
DONATION
Testimonials

བོད་ཀྱི་གདན་ས།

གདན་ས་ཆེན་མོ་ངོར་དཔལ་ཨེ་ཝཾ་ཆོས་ལྡན་ནི།

ཐུབ་བསྟན་སྤྱི་དང་བྱེ་བྲག་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་བཞེད་སྲོལ་འཛིན་པ་རྣམས་ཀྱི་ནང་ནས་གཙུག་ནོར་ལྟ་བུ་གངས་ཅན་མཛེས་པའི་རྒྱན་དྲུག་གམ་དགུའི་ནང་ཚན། སྔགས་ཀྱི་རྒྱལ་ཚབ་ངོར་རྫོང་རྣམ་གཉིས་སམ་སྔགས་ལ་མཁས་པ་ངོར་རྫོང་ཚར་གསུམ་ཞེས་གྲགས་པའི་ཡ་གྱལ།

འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་དང་། མདོ་སྡེ་པདྨ་དཀར་པོ་སོགས་མདོ་རྒྱུད་དུ་མའི་᪄ᩏ་དུ་རྒྱལ་བའི་ལུང་གིས་གིས་ཡང་ཡང་བསྔགས་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་སྲོལ་གཏོད་མཛད་པའི་ངོར་པའི་ཆོས་བརྒྱུད་ཆེན་པོ་འདི་ཉིད་ཀྱི་རྩ་བའི་གདན་ས་དེ་ཡིན་ལ། དེ་ཡང་ངོར་ཆེན་རྡོ་རྗེ་འཆང་མཆོག་དགུང་ལོ་ཞེ་བརྒྱད་ཡན་གཙོ་ཆེར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བསྟན་པ་འཛིན་སྐྱོང་སྤེལ་བཞིན་བཞུགས་པའི་དུས་སུ་དཔལ་ལྡན་ལྷ་མོ་རྣམ་པར་རྒྱལ་མས་ལུང་བསྟན་པ་བཞིན། བོད་ཀྱི་གཙང་སྟོད་གཡས་རུའི་ཆ་ངོར་ཞེས་པར་ཕྱི་ལོ་ ༡༤༢༩ བོད་རབ་བྱུང་བདུན་པའི་ས་མོ་བྱ་ཡི་ལོར། འོག་མིན་གཉིས་པ་ལྟ་བུའི་གདན་ས་ཆེན་པོ་འདི་ཉིད་ཕྱག་བཏབ། དཔལ་ཨེ་ཝཾ་ཆོས་ལྡན་ཞེས་མཚན་གསོལ། ལོ་ཉེར་བདུན་ཆོས་གྲྭ་འདིར་གདན་ས་བསྐྱངས་ཤིང་འཆད་རྩོད་རྩོམ་པས་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་ལྟ་བུའི་ཕྲིན་ལས་བསྐྱངས།

རྗེ་དེ་ཉིད་ཀྱི་བཀའ་སྲོལ་འཛིན་པའི་སློབ་མ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དང་། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ་སོགས་ཁོང་གི་དངོས་བརྒྱུད་འཛིན་པའི་སློབ་མ་མཁན་རབས་རིམ་བྱོན་གྱིས་གདན་ས་དེ་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྐྱངས་ཏེ། མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་སྒོམ་གསུམ་བྱ་ཡུལ་གྱི་བསྟི་གནས་བླ་ན་མེད་པ་ཞིག་ཏུ་གྱུར། ལྷག་པར་དུ་དུས་འགྱུར་མ་བྱུང་གི་བར་དུ་གདན་ས་དེ་ཉིད་དུ་མཁས་གྲུབ་གཉིས་ལྡན་གྱི་མཁན་རབས་བདུན་ཅུ་དོན་ལྔ་ཕེབས་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། བྱེ་བྲག་རྒྱལ་བསྟན་ལུང་རྟོགས་ཀྱི་བང་མཛོད་རྗེ་བཙུན་གོང་མ་ཡབ་སྲས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་བཀའ་སྲོལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཞེད་པ་ཚང་ལ་མ་ནོར་བ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཤིན་ཏུ་དར་ཞིང་རྒྱས་པར་མཛད། སྐལ་ལྡན་གྱི་སློབ་མ་རྒྱ་བོད་ཧོར་སོགས་ནས་ཕེབས་པའི་ནམ་མཁའི་སྐར་ཚོགས་ལྟར་གྲངས་ལས་འདས་པ་ཡོངས་ལ་དབང་ལུང་ཁྲིད་མན་ངག་རྒྱུད་བཤད་དུ་མ་གནང་། རིས་སུ་མ་ཆད་པའི་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་པའི་བསྟན་འཛིན་གྱི་སྐྱེས་བུ་ཡང་བགྲང་ལས་འདས་པ་བྱོན། ཁྱད་པར་དུ་རྗེ་བཙུན་གོང་མ་རྣམ་པའི་ཐུགས་བསྐྱེད་དང་། ངོར་ཆེན་རྡོ་རྗེ་འཆང་གི་རྣམ་དཀར་འཕྲིན་ལས་ཀྱིས་བོད་སྟོད་སྨད་དབུས་གསུམ་དུ་ངོར་ཨེ་ཝཾ་ཆོས་ལྡན་གྱི་བརྒྱུད་འཛིན་དགོན་ལག་བརྒྱ་ཕྲག་འགའ་ཤས་བྱུང་ཡོད།།