

གདན་ས་ཆེན་མོ་ངོར་དཔལ་ཨེ་ཝཾ་ཆོས་ལྡན་ནི།
བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ཕྱི་ལོ་ ༡༩༥༩ ལོར་ཁ་བའི་ལྗོངས་སུ་བསྟན་པ་ཉམས་ཉེས་ཆེ་བའི་དུས་འགྱུར་མི་བཟོད་པ་བྱུང་སྐབས་བོད་ཀྱི་ངོར་མ་དགོན་ཡང་་་དུས་འགྱུར་གྱི་གོད་ཆག་འོག་ཏུ་ཤོར། བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱང་ཉེན་ཡོལ་དུ་གཞན་ཡུལ་ལ་ཕེབས་དགོས་ཁེལ་ཏེ་རྒྱལ་བསྟན་སྤྱི་དང་། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་རིན་པོ་ཆེ་ཉམས་ཉེས་རྒུད་གསུམ་གྱི་རྐྱེན་དབང་དུ་ཤོར་ཏེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བའི་སྐབས་དེར། བསྟན་པའི་གསལ་བྱེད་ཆེན་པོ་ཕན་བདེ་མཁན་རིན་པོ་ཆེ་ངག་དབང་མཁས་གྲུབ་རྒྱ་མཚོ་དང་། ཁང་གསར་མཁན་རིན་པོ་ཆེ་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ། ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།


ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་རྣམ་པས་ཐུགས་བསྐྱེད་རྡོ་རྗེའི་གོ་ཁྲབ་ལྷུར་དུ་བཞེས་ཏེ། རྒྱལ་བསྟན་སྤྱི་དང་ལྷག་པར་དུ་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་དྲི་མེད་པ་ངོར་ཆེན་རྡོ་རྗེ་འཆང་གི་བསྟན་པ་རིན་པོ་འདི་ཉིད་ཉམས་པ་བསྐྱར་གསོ་དང་། དར་བ་རྒྱུན་གནས་ཆེད་འཕགས་ཡུལ་བྱང་ཕྱོགས་རྡེ་ར་རྡུན་མངའ་ཁུལ། མན་ཌུ་ཝ་ལར་ངོར་མ་དགོན་བཞེངས་རྒྱུའི་བཀའ་གྲོས་གྱི་གྲོས་ཆོད་བཞིན། ཕྱི་ལོ་༡༩༧༨བོད་རབ་བྱུང་བཅུ་དྲུག་པའི་ས་རྟ་ལོར་༧སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོའི་བཀའ་སློབ་ལམ་སྟོན་མཛད་ཅིང། ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཉིད་ནས་ཐུགས་འགན་བཞེས་ཏེ་ངོར་དཔལ་ཨེ་ཝཾ་པའི་མ་དགོན་གསར་བཞེངས་གནང་། ཕྱི་ལོ་༡༩༨༨ལོར་གཙུག་ལག་ཁང་བརྟེན་དང་རྟེན་པར་བཅས་པ་ལེགས་གྲུབ་ཀྱི་དབུ་འབྱེད་དང་འབྲེལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས། རིས་མེད་ཆོས་ཀྱི་མཛོད་ཆེན་པོ་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་དབང་ལུང་ཁྲིད་རིམ་བཅས་ཚང་ལ་མ་ནོར་བ་ལོ་མང་རིང་བཀའ་དྲིན་བསྩལ། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ལམ་འབྲས་སློབ་བཤད་ཟབ་མོ་བཀའ་དྲིན་སྩལ། སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་ནས་ལམ་འབྲས་ཚོགས་བཤད་ཀྱིས་གཙོས་པའི་དབང་ལུང་ཁྲིད་རིམ་མང་པོ་སྩལ་ཞིང་། དགོན་འདིའི་གཟིགས་སྐྱོང་ལོ་མང་བཀའ་དྲིན་བསྐྱངས།



དེ་ནས་རིམ་གྱིས་༸སྐྱབས་རྗེ་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དང་། ༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་མཆོག་ལྡན་རྣམ་གཉིས་སྔར་སྲོལ་བཞིན་༧གོང་ས་ཆེན་པོའི་བཀའ་དམ་རིན་པོ་ཆེ་སྤྱི་ཕེབས་དང་འབྲེལ། ༸སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་མཁན་ཁྲིར་མངའ་གསོལ་མཛད་དེ་ལོ་ལྟར་རིན་པོ་ཆེ་རྣམ་གཉིས་རེ་མོས་ཀྱིས་དགོན་པའི་འཛིན་སྐྱོང་དང་འབྲེལ་བསྟན་པའི་རྩ་བ་དམ་ཆོས་འདུལ་བ་དང་། ཐེག་ཆེན་སེམས་བསྐྱེད། རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་གི་དགོངས་དོན་ལ་སྒྲུབ་པ་ཉམས་ལེན་གྱི་རིམ་པ་གཙོ་བོར་མཛད་ཅིང་། གསུང་ངག་ལམ་འབྲས་གཙོ་བོར་གྱུར་པའི་དབང་དང་བྱིན་རླབས། རྒྱུད་དང་མན་ངག་གིས་སྒོ་ནས་གདུལ་བྱ་སོ་སོའི་བློ་མོས་དང་འཚམས་པ་སྨིན་གྲོལ་ལ་འགོད་པ་མཛད་པ་སོགས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་ལ་སྨན་པའི་མཛད་པ་བླ་ན་མེད་པར་བསྐྱངས་དང་སྐྱོང་བཞིན་ཡོད་ཅིང་། ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་མཁྱེན་བརྩེ་བསྟན་འཛིན་ཕྲིན་ལས་མཆོག་དང་། ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་རྣམ་པ་གཉིས་ནས་ཀྱང་གསན་བསམ་གནང་བཞིན་པ་ཡིན། རྒྱུན་བཞུགས་དགེ་འདུན་པར་སྔར་གྱི་མཛད་སྲོལ་བཟང་པོའི་རྒྱུན་མི་ཉམས་གོང་འཕེལ་ཆེད་རྒྱུད་སྡེ་རྒྱ་མཚོའི་ཕྱག་ལེན་འདོན་ཆོས་སྤྱོད་སྐོར་དང་། གཞི་རིམ་སློབ་གྲྭར་ཕྱི་ནང་སྐད་ཡིག་སོགས་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་སྦྱར་ཞིང་སྦྱོར་མུས་ཡིན་ལ། འདི་ནས་བསླབ་པ་མཐར་སོན་རྗེས་དཔལ་གསང་ཆེན་རྒྱུད་དང་བཤད་གྲྭ་ཁག་ཏུ་གཞུང་ཆེན་སློབ་སྦྱོང་དང་། བསྙེན་མཚམས་ལ་ཕེབས་པའི་ལམ་སྲོལ་བཟང་པོ་ཞིག་འཆད་ཉན་གསན་བསམ་གནང་མཁན་དང་། སྒྲུབ་པ་ཉམས་བཞེས་གནང་མཁན་རྒྱུན་ཆད་མེད་པར་འབྱུང་དང་འབྱུང་བཞིན་པ་བཅས་བསྟན་པའི་མེ་རོ་སླར་གསོ་དང་རྒྱུན་གནས་དར་སྤེལ་ལེགས་པར་མཛད་དོ།། །།