ENzhbo
DONATION

གཞི་གསུམ་ཕྱག་ལེན།

འདུལ་བ་གཞི་གསུམ་གྱི་ཕྱག་ལེན་ནི་སྟོན་པ་ཐུབ་པའི་དབང་པོས་རབ་ཏུ་བྱུང་བ་རྣམས་ལ་དགག་སྒྲུབ་ཀྱི་བསླབ་བྱ་མང་དུ་གསུང་ པའི་ནང་ནས་བསླབ་པ་ཡོངས་སྦྱོང་གི་གཞི་ཞེས་སྒྲུབ་པའི་བསླབ་བྱ་གཙོ་བོ་ཞིག་ཡིན། ཕྱག་ལེན་འདི་ནི་འཕགས་བོད་ཀྱི་དགོན་སྡེ་ ཕལ་ཆེར་ལ་སྔོན་ནས་ད་ལྟའི་བར་དུ་ཡོད་མུས་བཞིན།འདི་ག་འཕགས་ཡུལ་ངོར་མ་དགོན་དུ་ཡང་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེའི་བཀའ་དྲིན་ལས་ཕྱག་ལེན་རྣམ་པར་དག་པའི་རྒྱུན་མ་ཆད་པ་གནས་ཡོད།

དང་པོ་གསོ་སྦྱོང་གི་དགོས་པ།

དེ་ལས་དང་པོ་གསོ་སྦྱོང་གི་དགོས་པ་གཙོ་བོ་ནི་རང་རྒྱུད་ཀྱི་ལྟུང་བ་ཕྲ་རགས་རྣམས་མི་འཕེལ་བ་བྱིན་གྱིས་རླབས་པ་དང་ཡོངས་སུ་ དག་པའི་ཐབས་ཤིག་ཡིན། དེ་ཡང་ཟླ་བ་རེ་ལ་ཡར་ངོར་ལ་གཅིག་དང་མར་ངོར་ལ་གཅིག་བཅས་གཉིས་རེ་འཚོག་དགོས། ལོ་ གཅིག་གི་དབང་དུ་བྱས་ན་གསོ་སྦྱོང་བཅུ་བཞི་པ་དྲུག་དང་བཅོ་ལྔ་པ་བཅོ་བརྒྱད་འབྱུང་། དེ་དག་ལ་དུས་ངེས་ཅན་གྱི་གསོ་སྦྱོང་ཟེར། ཞི་གནས་ཀྱི་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་གཞན་ལ་དུས་ཀྱི་ངེས་པ་མེད། ཇི་ལྟར་ལག་ཏུ་ལེན་པའི་ཚུལ་ནི་གཙུག་ལག་ཁང་གི་ཕྱི་རོལ་དུ་ཕྱོགས་གཉིས་ཀྱི་དགེ་སློང་རྣམས་ཕན་ཚུན་ལྟུང་བ་ཕྱི་བཅོས་དང་དེ་ནས་ནང་དུ་ཕེབས་ཏེ་རྒྱུན་ཆགས་གསུམ་པ་འདོན་པ་སྔོན་དུ་འགྲོ་བའི་སྒོ་ནས། དངོས་གཞིར་ཚུལ་ཁྲིམས་ཡང་དག་གི་མདོ་དང་གླེང་གཞི་དང་ ཕམ་པའི་མདོ་སོགས་འདོན་ནས་འཇུག་ཏུ། སོ་སོར་ཐར་པ་བཏོན་པ་ཡིས།། ཞེས་སོགས་ཀྱིས་བསྔོ་བ་མཛད།

དབྱར་གནས་ཀྱི་དགོས་པ།

གཉིས་པ་དབྱར་གནས་ཀྱི་དགོས་པ་གཙོ་བོ་ནི་སྲོག་ཆགས་ལ་གནོད་པ་དང་གནས་རལ་བ་དང་གྲུམ་པ་སོགས་སྤང་བའི་ཆེད་དུ་ཡིན།ལོ་རེ་བཞིན་དབྱར་སྔར་མ་ཧོར་ཟླ་དྲུག་པ་དང་ཕྱི་མ་བདུན་པའི་ཚེས་བཅུ་དྲུག་ནས་ཟླ་བ་གསུམ་འཚོག་དགོས་ཀྱང་ཕྱག་ལེན་ལ་ཟླ་བ་ ཕྱེད་གཉིས་འཚོག་སྲོལ་ཡོད། དབྱར་གྱི་ཁྲིམས་གཙོ་བོ་ནི་དབྱར་ནང་ལ་ལྟུང་བ་གླེང་དྲན་མི་བྱ་བ་དང་། དབྱར་རྙེད་མི་བགོ་བ་དང་། དབྱར་བྱིན་གྱིས་མ་རླབས་པར་མཚམས་ཀྱི་ཕྱི་རོལ་དུ་ཞག་ལ་མི་སྡོད་པ་སོགས་ཡིན།

དགག་དབྱེ།

གསུམ་པ་དགག་དབྱེ་ནི་དབྱར་གནས་དང་རྗེས་སུ་འབྲེལ་བ་སྟེ། སྔར་གྱི་དབྱར་ཁྲིམས་དེ་དག་གྲོལ་ཏེ་མཐོང་ཐོས་དོགས་གསུམ་གྱིས་ ལྟུང་བ་གླེང་དྲན་དང་། རྫས་བགོ་བ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ཆོག་པ་བཅས་ཡིན། དེ་ཡང་ཉེར་ཤུ་དགུ་ཡི་ནུབ་མོར་མཚན་ཐོག་ ཐགས་དང་། གནམ་གང་ལ་དབྱར་དགག་དབྱེ་དང་ཚེས་གཅིག་ཉིན་དབྱར་ལྗོགས་རྒྱུར་འགྲོ་བའི་ཕྱག་སྲོལ་ཡོད། དེ་དག་ནི་གཞི་ གསུམ་གྱི་རྣམ་བཞག་མདོར་བསྡུས་ཙམ་ལས་རྒྱས་པ་གཞན་དུ་ཤེས་མཚལ།།

ང་ཚོའི་གནས་ཚུལ་གསན་གཟིགས་ཆེད་གློག་འཕྲིན་ཁ་བྱང་འདིར་གནང་རོགས།

Submit here
Thank you! Your submission has been received!
Oops! Something went wrong while submitting the form.