གདན་རབས་རིམ་བྱོན།

བྲང་ཏི་ནམ་མཁའ་སངས་རྒྱས།

ཁོང་ནི་རབ་བྱུང་བཅུ་པའི་དཀྱིལ་དུས་རབས་བཅུ་དྲུག་པའི་སྨད་ཙམ་དུ་ཤབ་སྟོད་རྫི་ལུང་དུ་ཡབ་དོན་གྲུབ་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ ན་ཆུང་ངུའི་དུས་ནས་ངོར་ཐར་རྩེར་བྱོན། ཁུ་བོ་ནམ་མཁའ་དཔལ་བཟང་དང་། རྩེ་གདོང་ཁྲི་ཆེན་སྐུ་མཆེད་རྣམས། འཇམ་དབྱངས་ བསོད་ནམས་དབང་པོ། ཤར་ཆེན་ཀུན་དགའ་བཀྲིས།

བྲང་ཏི་ནམ་མཁའ་སངས་རྒྱས།

ཁོང་ནི་རབ་བྱུང་བཅུ་པའི་དཀྱིལ་དུས་རབས་བཅུ་དྲུག་པའི་སྨད་ཙམ་དུ་ཤབ་སྟོད་རྫི་ལུང་དུ་ཡབ་དོན་གྲུབ་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ ན་ཆུང་ངུའི་དུས་ནས་ངོར་ཐར་རྩེར་བྱོན། ཁུ་བོ་ནམ་མཁའ་དཔལ་བཟང་དང་། རྩེ་གདོང་ཁྲི་ཆེན་སྐུ་མཆེད་རྣམས། འཇམ་དབྱངས་ བསོད་ནམས་དབང་པོ། ཤར་ཆེན་ཀུན་དགའ་བཀྲིས། རྗེ་དཔལ་ལྡན་དོན་གྲུབ། རྗེ་སྙིང་རྗེ་བཟང་པོ་སོགས་ལས་གསུང་ངག་ལམ་ འབྲས་སོགས་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་གསན་བསམ་མཐར་ཕྱིན་ཅིང་སྡོམ་གསུམ་གྱིས་རྒྱུད་ཕྱུག་པར་མཛད། མདོ་ཁམས་སུ་བྱོན་ནས་འཆད་རྩོད་རྩོམ་གསུམ་གྱིས་བསྟན་དང་འགྲོ་བའི་དོན་མཛད། པཎ་ཆེན་གཤེགས་ནས་ཐར་རྩེའི་འཛིན་ བདག་གནང། ཆུ་ཁྱི་ལོར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཁྲིར་མངའ་གསོལ། གསུང་ངག་ལམ་འབྲས་སོགས་ཆོས་ཀྱི་འཁོར་ ལོ་བར་མེད་དུ་བསྐོར། སློབ་མ་ཡང་། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་ནམ་མཁའ་རིན་ཆེན། དཔལ་གླིང་ཆོས་རྗེ་ གྲགས་པ། མཁན་ཆེན་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ནམ་མཁའ་དཔལ་བཟང། ངག་དབང་བསོད་ནམས་རྒྱལ་མཚན། བཀའ་འགྱུར་བ་ཆེན་པོ་བསོད་ནམས་མཆོག་ལྡན། ཤར་པ་བདག་ཆེན་ཡེ་ཤེས་བཟང་པོ། ཀོང་སྟོན་དོན་གྲུབ་དཔལ་བཟང་སོགས་ མཁས་གྲུབ་དུ་མ་བྱོན། ཤིང་གླང་ལོར་ཉིད་ཀྱི་རྒྱལ་ཚབ་ཏུ་ཤར་ཆེན་ཤེས་རབ་འབྱུང་གནས་གདན་ཁྲིར་མངའ་གསོལ། མཁས་གྲུབ་ ཁྱུང་པོའི་སྒྲུབ་གནས་ཤངས་ཀྱི་ལྕགས་ཕོ་རྩེར་བསྒྲུབ་པ་མཛད། མདོར་ན་དམ་པ་འདི་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་ གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་འདི་ཉིད་དར་ཞིང་རྒྱས་པར་མཛད། མཐར་ཚེས་བཅུ་གཅིག་ཉིན་ཐར་རྩེར་སྐུ་གཤེགས།