བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང།
ཁོང་ནི་རབ་བྱུང་དགུ་པའི་ཤིང་ལུག ཕྱི་་ལོ་ ༡༥༣༥ ལོར་དཔལ་ལྡན་ས་སྐྱའི་མདོ་བརྗོད་བཀྲིས་གླིང་དུ་ཡབ་ཀུན་དགའ་དོན་གྲུབ་ དང། ཡུམ་ལྷ་མོ་བུ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཆོས་སྐྱོང་དཔལ་འབྱོར་གསོལ། ནམ་མཁའ་སངས་རྒྱས་ལས་བར་མ་ རབ་བྱུང་ཞུས། མཚན་ནམ་མཁའ་དཔལ་བཟང་གསོལ། དགུང་ལོ་བཅུ་དྲུག་པར་མངོན་རྟོགས་རྒྱན་དང་རྒྱུད་བརྟག་གཉིས་སོགས་ལ་ གསན་སྦྱོང་མཛད། དེ་ནས་ཨེ་ཝཾ་ཆོས་ལྡན་དུ་བྱོན། དགུང་ལོ་བཅུ་བདུན་པར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ མཁན་པོ་དང། རྗེ་སངས་རྒྱས་སེང་གེ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་བཞི་པར་མཁན་པོ་སངས་རྒྱས་སེང་གེ་ དང། ལས་སློབ་རྗེ་ཤར་ཁང་པ་སོགས་ལས་བསྙེན་རྫོགས་མཛད། མཁན་སློབ་དེ་དག་ལས་རྒྱུད་བཞི་དང་གསུང་ངག་ལམ་འབྲས་ཀྱི་ ཆོས་སྐོར་ཡོངས་རྫོགས་གསན། གཞན་ཡང་སྔགས་འཆང་ཀུན་རིན། མཉན་ཆེན་གྲགས་པ་བློ་གྲོས། ཆོས་རྗེ་བློ་གྲོས་གྲགས་པ། མངའ་ རིས་པ་བློ་གྲོས་བཟང་པོ། བྱང་གླིང་པ་རིན་ཆེན་བཀྲིས་རྒྱལ་མཚན། ཚར་ཆེན་སོགས་མཁས་གྲུབ་དུ་མ་ལས་དབང་། རྒྱུད། མན་ངག་ སོགས་གསན་བསམ་མཐིལ་ཕྱིན་པ་གནང་། ཡབ་ལས་སྨན་གྱི་རྒྱུད་བཞི་སོགས་གསན། དགུང་ལོ་ཞེ་ལྔ་པ་ས་ཡོས་ལོར་ཨེ་ཝཾ་པའི་ གདན་ཁྲིར་མངའ་གསོལ། རྟ་ལོའི་བར་ཁུར་བཞེས་ཏེ་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསུང་ངག་ལམ་འབྲས་བུ་དང་བཅས་པའི་ གདམས་ངག་ཡོངས་རྫོགས་ཚར་བཅུ་དྲུག་སོགས་དབང་ལུང། མན་ངག་སོགས་འཆད་པའི་རྒྱུན་སྤེལ། ཆུ་རྟ་ལོར་གདན་ས་རྗེ་བཙུན་ དཀོན་མཆོག་དཔལ་ལྡན་ལ་ཕུལ་ཏེ་སྐུ་མཚམས་དམ་རྒྱ་མཛད། དགུང་ལོ་ང་དྲུག་པ་ལྕགས་སྟག་ལོར་སླར་ཡང་གདན་སའི་ཁུར་ བཞེས། སྔ་ཕྱིར་གདན་ས་ཆེན་པོ་ས་སྐྱ་དང། ངམ་རིངས། བྱ་རྒོད་གཤོང། ཐུབ་བསྟན་རྣམ་རྒྱལ། འབྲས་ཡུལ་བསྐྱེད་ཚལ་སོགས་སུ་ བྱོན་ཏེ་འཆད་ཉན་གནང་། སློབ་མ་ཡང་སྔགས་འཆང་གྲགས་པ་བློ་གྲོས་ཡབ་སྲས་སོགས་གདན་ས་ཕྱོགས་ཀྱི་བླ་མ་རྣམས་དང། ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་སྐུ་མཆེད་སོགས་རྩེ་གདོང་ཕྱོགས་དང། ཐུབ་བསྟན་སྐྱེད་ཚལ་མཁན་པོ་ཆོས་རྗེ་རིན་ཆེན་ བཀྲིས་སོགས། གཞན་ཡང་སྨད་ཕྱོགས་སུ་ཆོས་རྗེ་དཔལ་ལྡན་ཆོས་གྲགས། ཆོས་རྗེ་བསོད་ནམས་དོན་གྲུབ་སོགས་སློབ་ཚོགས་དུ་མ་ བྱོན། གསུང་རྩོམ་ཡང་རྣམ་ཐར། བསྟོད་ཚོགས། ཁྲིད་ཡིག།གཞུང་བཤད་སོགས་པོད་གསུམ་རྗེས་འཇུག་གདུལ་བྱའི་ཆེད་དུ་བཞུགས། མཐར་དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་པའི་ཆུ་སྟག ཕྱི་ལོ་ ༡༦༠༢ ལོར་བདེ་བར་གཤེགས།

