རྒྱལ་ཚབ་ཀུན་དགའ་དབང་ཕྱུག།
ཁོང་ནི་རབ་བྱུང་བདུན་པའི་ཤིང་འབྲུག ཕྱི་ལོ༡༤༢༤ལོར་ཡབ་དྲུང་ཆེན་བདེ་ལེགས་དང། ཡུམ་དཔལ་ལྡན་བཟང་མོ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་དགེ་བསྙེན་ཀུན་དགའ་གྲུབ་ཅེས་མཚན་གསོལ། ཁའུ་སྐྱེས་ལྷས་སུ་སློབ་དཔོན་དཔལ་ལྡན་དོན་ གྲུབ་ཀྱི་དྲུང་དུ་སློབ་སྦྱོང་མཛད། དགུང་ལོ་བཅུ་གཉིས་པར་བླ་བྲང་ཤར་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལས་རབ་ཏུ་བྱུང་། མཚན་ ཀུན་དགའ་དབང་ཕྱུག་གསོལ།
དགུང་ལོ་བཅོ་ལྔ་པར་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞིང་དུ་མ་ཕེབས་པར་འབྲལ་མེད་དུ་བསྟེན། གཞན་ཡང་རྗེ་མུས་ཆེན་དང་། འཇམ་དབྱངས་ཤེས་རབ་རྒྱལ་མཚན། ཉག་བྲེ་ཡོན་ཏན་འོད་ཟེར་སོགས་ལས་དབང་དང། བྱིན་རླབས། ལུང་། བཤད་བཀའ། ཁྲིད་ཀྱི་རིམ་པ་དང། ཁྱད་པར་དུ་ལམ་འབྲས་ཚར་བཅོ་ལྔ་གསན།
དགུང་ལོ་ཉེར་བདུན་པར་ངོར་ཆེན་ཀུན་དགའ་བཟང་པོས་མཁན་པོ་དང། མུས་ཆེན་པས་ལས་སློབ་སོགས་མཁན་སློབ་གྲངས་ཚང་གི་ དབུས་སུ་བསྙེན་པར་རྫོགས།
ས་བྱ་ལོར་ངོར་ཆེན་རྡོ་རྗེ་འཆང་གི་གསེར་གྱི་ཁྲི་ལ་ཞབས་ཀྱི་པདྨོ་བཀོད། འཁོར་འདུས་པ་རྒྱ་མཚོ་ལ་ གསུང་ངག་ལམ་འབྲས་ཚར་བཅུ་བདུན་དང། རྩ་རྒྱུད་ཀྱི་བཤད་པ་ཚར་ཉེར་ལྔ་ལྷག་སོགས་དབང་བྱིན་རླབས། བཤད་པ། མན་ངག་ སོགས་དཔག་ཏུ་མེད་པ་བསྩལ། གཞན་ཡང་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་སྟོང་ཕྲག་ལྷག་ཙམ་གྱི་མཁན་པོ་གནང་། བསྟན་པའི་རྩ་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱ་ཆེར་སྤེལ། གསུང་རྩོམ་ཡང་བླ་མ་གོང་མའི་བསྟོད་པ་དང། ཉམས་མགུར་སོགས་ དུ་མ་རྗེས་འཇུག་གི་གསོས་སུ་བཞུགས། བྱམས་གླིང་དུ་ས་ག་ཟླ་བའི་ཚེས་ཉེར་གཅིག་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ བསྡུས།

