འཇམ་མགོན་སངས་རྒྱས་ཕུན་ཚོགས།
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་གླང་། ཕྱི་ལོ་ ༡༦༤༩ ལོར་མངའ་རིས་སྨད་ཀྱི་ཏྲེ་བའི་འབྲོག་གསེབ་ཏུ་ཡབ་གནམ་རུ་གཡུང་ དྲུང་སྐྱབས་དང་། ཡུམ་འ་ཕམ་བུ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་གྲུབ་ཆེན་སངས་ལྷུན་ལས་དགེ་ བསྙེན་གྱི་སྡོམ་པ་ནོས། མཚན་སངས་རྒྱས་ཕུན་ཚོགས་གསོལ། དགུང་ལོ་བཅུ་དྲུག་པར་མཁས་བཙུན་དམ་པ་ཀུན་དགའ་ལེགས་པ་ ལས་རབ་ཏུ་བྱུང་ཞིང་ཆོས་མང་དུ་གསན། དགུང་ལོ་ཉེར་གཅིག་པར་ཨེ་ཝཾ་ཆོས་ལྡན་དུ་འཇམ་མགོན་དཔལ་མཆོག་རྒྱལ་མཚན་དང། འཇམ་དབྱངས་ནམ་མཁའ་དཔལ་བཟང་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། མཁན་སློབ་དེ་དག་དང་། ངག་དབང་བསོད་ནམས་ རྒྱལ་མཚན། མཚུངས་མེད་དམ་ཆོས་བསམ་གྲུབ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་ཙམ་ལས་ཆོས་མང་དུ་གསན་ ཅིང་མཁས་པར་གྱུར། རབ་བྱུང་བཅུ་གཅིག་པའི་མེ་ཕོ་སྟག ཕྱི་ལོ་ ༡༦༨༦ ལོར་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཆོས་ཀྱི་ཁྲི་ལ་མངའ་གསོལ། སྔ་ཕྱིར་ལམ་འབྲས་ཚར་བཅུ་གཅིག་གིས་མཚོན་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། སློབ་མའི་ཚོགས་ཀྱང་། དཔའ་ཞྭ་ལུ་པའི་མཁན་ པོ་རྗེ་ཤེས་རབ་རྒྱ་མཚོ། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་ཆེན་རྣམ་རྒྱལ་བཟང་པོ། ཐུབ་བསྟན་ཡངས་པ་ཅན་གྱི་མཁན་ཆེན་སངས་ རྒྱས་བསོད་ནམས། ཆོས་འཁོར་ལྷུན་པོའི་མཁན་ཆེན་སངས་རྒྱས་རིན་ཆེན། བྱང་ཆུབ་གླིང་གི་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་སོགས་མཁས་ གྲུབ་དུ་མ་བསྐྲུན། རྩོམ་པ་ཡང་ཆོས་འབྱུང་། རྣམ་ཐར། གཞུང་འགྲེལ་སོགས་པོད་བཞི་ཙམ་བཞུགས། ས་སྦྲུལ་ལོར་ཤར་ཆེན་སངས་ རྒྱས་བསྟན་འཛིན་རྒྱལ་ཚབ་ཏུ་བཀོད། གདན་ས་རྩེ་གདོང་དང་། དབུས་གཙང་སོགས་སུ་བྱོན་ཏེ་བཤད་སྒྲུབ་ཀྱི་འཕྲིན་ལས་བསྐྱངས། གཞན་ཡང་སྡེ་དགེ་ས་སྐྱོང་བླ་མ་ཚེ་དབང་རྡོ་རྗེས་གསོལ་བཏབ་ལྟར། ཡོས་ལོར་མདོ་ཁམས་སུ་ཕེབས། དབང་ལུང་ཁྲིད་སོགས་འཆད་
14
ཉན་མཛད། དགེ་འདུན་གྱི་སྡེ་སྤེལ། སྒྲུབ་མཆོད་བཙུགས་པ་སོགས་ཀྱིས་མཚོན་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ལྷག་པར་ཆོས་རྒྱལ་ ཁུ་དབོན་ལ་བཀའ་བཀོད་མཛད་དེ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་གི་གཙོས། དགོན་སྡེ་མང་པོར་གཙུག་ལག་ཁང་དང་། སྐུ་ གསུང་ཐུགས་ཀྱི་རྟེན་དུ་མ་བཞེངས། མཐར་རབ་བྱུང་བཅུ་གཉིས་པའི་ཤིང་བྱ། ཕྱི་ལོ་ ༡༧༠༥ ལོར་དགོངས་པ་གཞན་དོན་གཤེགས།

