འཇམ་མགོན་སངས་རྒྱས་ཡེ་ཤེས།
ཁོང་ནི་རབ་བྱུང་བཅུ་གཉིས་པའི་དུས་དཀྱིལ་དང་དུས་རབས་བཅོ་བརྒྱད་པའི་འགོར་མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲིས་ལྷུན་ གྲུབ་ཀྱི་དབོན་རིགས་སུ། རང་ཞབས་མདོ་མཁར་ཞེས་པར་སྐུ་འཁྲུངས། ཆུང་ངུ་ནས་ངོར་གྱི་ཆོས་གྲྭར་བྱོན་ཏེ་རྒྱུད་ཆུང་བཞི་སོགས་ ཐོས་བསམ་གནང། བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་བཀྲིས་ལྷུན་གྲུབ། འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ། ཐར་རྩེ་ ནམ་མཁའ་བསམ་འགྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་དམ་པ་མང་པོ་ལས་སྡོམ་གསུམ་དང། གསུང་ངག་རིན་པོ་ཆེ་ སོགས་ཆོས་ཚུལ་མཐའ་ཡས་པ་གསན། ཀྱེ་རྡོར་སོགས་ལྷག་ལྷ་དུ་མའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། ལྕགས་མོ་ལུག་གི་ལོར་ཤར་ ཆེན་བྱང་ཆུབ་སེམས་དཔའ་མི་འགྱུར་རྒྱལ་མཚན་གྱི་གདན་ཚབ་ཏུ་ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། སྡོམ་ གསུམ་དང་ངོར་ལུགས་དཀྱིལ་འཁོར་བདུན། ལམ་འབྲས་སོགས་ཆོས་ཀྱི་འཁོར་ལོ་བསྐོར། སློབ་མ་ཡང་ངག་དབང་ཆོས་སྐྱོང་བཟང་ པོ། མཁས་གྲུབ་སངས་རྒྱས་གྲགས་པ། ས་སྐྱ་པ་སྔགས་འཆང་བླ་མ་ངག་དབང་ཀུན་དགའ་བློ་གྲོས། པཎྜི་ཏ་ཞུ་ཆེན་ཚུལ་ཁྲིམས་རིན་ ཆེན་སོགས་དུ་མ་བསྐྲུན། ལྷར་བཅས་འགྲོ་བའི་སྐྱབས་གནས་དམ་པར་གྱུར་ཀྱང་སྐུ་ཚེ་རིང་པོར་མ་བཞུགས་པ་ཞི་བའི་དབྱིངས་སུ་ གཤེགས། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས།)

