གདན་རབས་རིམ་བྱོན།

བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་གླང་། ཕྱི་ལོ་ ༡༨༢༩ ལོར་གཙང་གཞིས་ཀ་བསམ་གྲུབ་རྩེར་ཡབ་རྒྱལ་པོ་ཚེ་རིང་དང། ཡུམ་སྒྲོལ་ མ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་པར་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ཀུན་ཏུ་དགོས་པའི་གཞུང་བདུན་ སོགས་ལ་གསན་བསམ་མཛད།

བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་གླང་། ཕྱི་ལོ་ ༡༨༢༩ ལོར་གཙང་གཞིས་ཀ་བསམ་གྲུབ་རྩེར་ཡབ་རྒྱལ་པོ་ཚེ་རིང་དང། ཡུམ་སྒྲོལ་ མ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་པར་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ཀུན་ཏུ་དགོས་པའི་གཞུང་བདུན་ སོགས་ལ་གསན་བསམ་མཛད། ཁུ་བོ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་མཁན་པོ་དང། ལས་སློབ་རྣལ་འབྱོར་འཇམ་ དཔལ་བཟང་པོ་སོགས་ལས་ཚིགས་གསུམ་རིམ་ནོས་ཀྱིས་བསྙེན་པར་རྫོགས། ཐེག་པ་ཆེན་པོའི་སེམས་བསྐྱེད་སྲོལ་གསུམ་གྱི་སྡོམ་པ་ བཞེས་ཤིང་ཉམས་ལེན་གྱི་མཐིལ་དུ་མཛད། མཁན་ཆེན་རྡོ་རྗེ་འཆང་མཆེད་ཞལ་སོགས་ལས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ཁྲིད་ མན་ངག་སོགས་གསན། གཞན་ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང། འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་རྣམ་ གཉིས་ལས་སྒྲ་ཚད། སྙན་ངག། སྡེབ་སྦྱོར། མངོན་བརྗོད། གསོ་རིག་སོགས་གསན་པས་བཅུ་ཕྲག་རིག་པའི་མ་ཧཱ་པཎྜིཏ་ཞེས་གྲགས། གཞན་ཡང་དུས་འཁོར། བརྟག་གཉིས། མཚན་བརྗོད་སོགས་རྒྱུད་བཤད་དང། བཀའ་གདམས་གསར་རྙིང་གི་གདམས་ངག་ཡོངས་ རྫོགས་གསན།  རྡོ་རྗེ་འཆང་མཆེད་ཞལ་ལས་གསུང་ངག་ལམ་འབྲས་ཚོགས་སློབ་ཀྱིས་མཚོན་སྙན་རྒྱུད་ཚད་མ་བཞི་ལྡན་གྱི་གདམས་པ་ མཐའ་དག་ལ་གསན་བསམ་མཐིལ་ཕྱིན་པར་མཛད། 

དགུང་ལོ་ཉེར་གསུམ་པ་ལྕགས་ཕག་ལོར་ངོར་ཆེན་རྡོ་རྗེ་འཆང་གི་ཁྲིར་མངའ་ གསོལ། ལམ་འབྲས་ཚོགས་བཤད་ཚར་བརྒྱད་དང། སློབ་བཤད་ཚར་ལྔ། སྒྲུབ་ཐབས་རྒྱ་མཚོ་ཚར་གསུམ་གྱིས་གཙོས་ཆོས་ཀྱི་འཁོར་ ལོ་བར་མེད་དུ་བསྐོར། སློབ་མ་ཡང་མཁས་གྲུབ་དུ་མ་བྱོན། ཁྱད་པར་གསུང་ངག་སློབ་བཤད་ཀྱི་བསྟན་པ་གཏད་ཅིང་ཐུགས་ཀྱི་སྲས་ སུ་གྱུར་པ་ནི། ཁང་གསར་མཁན་ཆེན་འཇམ་པའི་དབྱངས་ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་ཤེས་ རབ་རྒྱ་མཚོ། ཕན་ཁང་མཁན་པོ་དཔལ་ལྡན་བློ་གྲོས་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། ཆབ་མདོ་རྒྱ་སྤྲུལ་རིན་ པོ་ཆེ་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་དབང་ཕྱུག། རི་ཟུར་བླ་མ་རིན་ཆེན་བློ་བཟང་མཁྱེན་རབ། ཀུན་དགའ་འཇམ་དབྱངས། འཇིགས་མེད་དཔལ་ལྡན་སོགས་དུ་མ་བྱོན། གསུང་རྩོམ་ཡང་ཐར་རྩེ་ཁུ་དབོན་གསུམ་གྱི་རྟོགས་བརྗོད་སོགས་པོད་ཆེན་ལྔ་རྗེས་འཇུག་ གདུལ་བྱའི་གསོས་སུ་བཞུགས། མཐར་དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ། ཕྱི་ལོ་ ༡༨༧༠ ལོར་བདེ་བར་ གཤེགས།