བྱམས་པ་བསོད་ནམས་བཟང་པོ།
ཁོང་ནི་རབ་བྱུང་བཅུ་པའི་ས་སྦྲུལ། ཕྱི་ལོ་ ༡༦༨༩ ལོར་གཙང་རོང་གི་གླིང་མ་ཁར་ཡབ་སྡེ་པ་ཀུན་དགའ་བསོད་ནམས་དང། ཡུམ་ པ་སངས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པར་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། མཁན་ཆེན་བྱམས་པ་ཚུལ་ཁྲིམས་ དཔལ་བཟང་ལ་གཙུག་ཕུད་ཕུལ་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཞུས། དགུང་ལོ་ཉེར་གཅིག་པར་བྱམས་པ་ཚུལ་ཁྲིམས་ དཔལ་བཟང་གིས་མཁན་པོ། ལས་སློབ་འཇམ་དབྱངས་བསོད་ནམས་དཔལ་ལྡན་སོགས་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་ དང་། ཁུ་བོ་བསོད་ནམས་རྒྱལ་མཚན། ཀུན་དགའ་བསོད་ནམས། འཇམ་མགོན་བསོད་ནམས་དཔལ་ལྡན། རྡོ་རྗེ་འཛིན་པ་བསྟན་ འཛིན་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཐུབ་བསྟན་མཁན་ཆེན་ངག་དབང་ཚུལ་ཁྲིམས། སྡོམ་བརྩོན་སངས་རྒྱས་དཔལ་ བཟང་སོགས་མཁས་གྲུབ་དུ་མ་བསྟེན། གསུང་ངག་ལམ་འབྲས་སོགས་མདོ་སྔགས་ཀུན་གྱི་ཁྲིད་ལུང་། མན་ངག་སོགས་མང་པོ་གསན། ཡི་དམ་དུ་མའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་ལྔ་པར་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཀྱི་ཁྲི་ཆེན་པོར་མངའ་གསོལ་ཏེ་ལོ་ དགུའི་བར་བསྐྱངས། གསུང་ངག་ལམ་འབྲས་ཚར་དགུ་ལྷག་བསྩལ། སློབ་མ་ཡང་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ རིན་ཆེན། ཨེ་ཝཾ་པ་འཇམ་མགོན་བཀྲིས་ལྷུན་གྲུབ་ཁུ་དབོན་སོགས་བསྟན་འཛིན་མང་དུ་བྱོན། དགུང་ལོ་སོ་བཞི་པར་འཇམ་མགོན་ བཀྲིས་ལྷུན་གྲུབ་རྒྱལ་ཚབ་ཏུ་མངའ་གསོལ། ཁང་གསར་ཕུན་ཚོགས་གླིང་དུ་བཤད་སྒྲུབ་སྤེལ། གློ་བོར་སྔ་ཕྱི་ཐེངས་གཉིས་ཕེབས། གློ་ བོ་དང་མོན་པ་འཁྲུགས་པས་ཐུགས་བསྐྱེད་ཆེན་པོས་འདུམས་པར་མཛད། ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་སླར་ཡང་ཨེ་ཝཾ་པའི་ཆོས་ཀྱི་ ཁྲི་ལ་ཕེབས། ལྕགས་སྤྲེལ་ལོར་གདན་ས་སངས་རྒྱས་དཔལ་བཟང་ལ་མངའ་གསོལ། གསུང་རྩོམ་ཡང་། བྱམས་པ་ཚུལ་ཁྲིམས་དཔལ་ བཟང་གི་རྣམ་ཐར་དང། ཞལ་གདམས་སོགས་ཆོས་ཚན་དུ་མ་བརྩམས། མཐར་དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གསུམ་ པའི་ས་སྦྲུལ། ཕྱི་ལོ་ ༡༧༤༩ ལོར་བདེ་བར་གཤེགས།

