འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ།
ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ལུག ཕྱི་ལོ་ ༡༥༧༡ ལོར་རྩེ་གདོང་གཟིམས་ཁང་དུ་ཡབ་ཀུན་དགའ་བདེ་ལེགས་དང། ཡུམ་དཔལ་ བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་རྡོ་རྗེ་རྒྱ་སོག་ཏུ་གསོལ། དགུང་ལོ་དགུ་པར་ངོར་དུ་བྱོན། མཁན་པོ་རྗེ་དཀོན་མཆོག་ དཔལ་ལྡན་དང། སློབ་དཔོན་བྲང་ཏི་པ་སོགས་ལས་རབ་ཏུ་བྱུང། མཚན་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲིས་གྲགས་པ་རྒྱལ་ མཚན་དཔལ་བཟང་པོར་གསོལ། ཐར་རྩེ་པཎ་ཆེན་གྱིས་མཁན་པོ་དང། བྱམས་པ་རབ་བརྟན་པས་སློབ་དཔོན་མཛད་དེ། དགེ་འདུན་ གྲངས་ཚང་བ་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང་། ཐུབ་བསྟན་མཁན་ཆེན་རྗེ་བྱམས་པ་ཀུན་དགའ་རབ་བརྟན་སོགས་ མཁས་གྲུབ་དུ་མ་བསྟེན། གསུང་ངག་ལམ་འབྲས་སོགས་མདོ་སྔགས་ཀྱི་ཆོས་དུ་མར་གསན་སྦྱོང་མཛད། ཤིང་རྟ་ལོར་ནཱ་ལེནྡྲའི་མཁན་ པོ་ལུམ་པ་བྱམས་པ་ཀུན་དགའ་ཆོས་གྲགས། ཤེའུ་ལོ་ཙཱར་གྲགས་པས་དོ་དམ་མཛད་ནཱ་ལེནྡྲའི་མཁན་པོར་མངའ་གསོལ། ཤིང་ཡོས་ ལོར་ཤར་ཆེན་བྱམས་པ་ཀུན་དགའ་བཀྲིས་འདས་མ་ཐག་ངོར་གྱི་གདན་སར་མངའ་གསོལ། གསུང་ངག་ལམ་འབྲས་ཚར་བཞིས་ མཚོན་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བསྟན་འགྲོའི་དོན་མཛད། མཐར་དགུང་ལོ་དོན་གཉིས་པ་རབ་བྱུང་བཅུ་གཅིག་པའི་ ཆུ་ཕོ་རྟ་ཡི་ལོ། ཕྱི་ལོ་ ༡༦༤༢ ལོར་བདེ་བར་གཤེགས།

