འཇམ་དབྱངས་རིན་ཆེན་རྡོ་རྗེ།
ཁོང་ན་རབ་བྱུང་བཅུ་བཞི་པའི་མེ་བྱ། ཕྱི་ལོ་ ༡༨༣༧ ལོར་གཙང་གཞི་ཀ་བསམ་འགྲུབ་རྩེར་ཡབ་བླ་མ་པད་རྡོར་དང། ཡུམ་བྲང་ ཏིའི་རིགས་སྦྱིན་པ་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཨེ་ཝཾ་ཐར་རྩེར་ཕེབས་ནས་ཐོས་བསམ་གནང། བྱམས་པ་ཀུན་དགའ་ བསྟན་འཛིན་ལས་དགེ་བསྙེན་གྱི་སྡོམ་པ་སོགས་དབང་ལུང་དུ་མ་ཞུས། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས་ ཚིགས་གསུམ་རིམ་ནོས་ཀྱི་དགེ་སློང་གི་སྡོམ་པ་དང། སེམས་བསྐྱེད། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་བཞི་སོགས་གསན། མཁན་ ཆེན་དེ་ཉིད་དང་། ཞྭ་ལུ་བློ་གསལ་བསྟན་སྐྱོང་སོགས་དམ་པ་དུ་མ་ལས་རྒྱུད་སྡེ་བཞི་དང་འབྲེལ་བའི་སྨིན་གྲོལ་གྱི་གདམས་ངག། ཁྱད་ པར་གསུང་ངག་ལམ་འབྲས་ཚོགས་སློབ་སོགས་མདོར་ན་ཐར་རྩེ་རྡོ་རྗེ་འཆང་ལ་མངའ་ཚད་ཀྱི་དམ་ཆོས་མཐའ་དག་བུམ་པ་གང་བྱོའི་ ཚུལ་དུ་གསན། ཡིད་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། སྤངས་རྟོགས་ཀྱི་ཡོན་ཏན་རྫོགས། རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་ཚབ་ ཏུ་མངའ་གསོལ་ཏེ་ལོ་བརྒྱད་རིང་གདན་ས་བསྐྱངས། དབྱར་ཆོས་ངོར་ལུགས་དཀྱིལ་འཁོར་བདུན་དང། དགུན་ཆོས་སྡོམ་གསུམ་དང་ གསུང་ངག་ལམ་འབྲས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར། ཉིད་ཀྱི་རྒྱལ་ཚབ་ཏུ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་ སྙིང་པོ་ཁྲིར་བཀོད། དེ་ནས་བོད་ཆེན་པོའི་ལྗོངས་སུ་ཕེབས་ཏེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང། ཞབས་དྲུང་ནམ་མཁའ་རྒྱལ་ མཚན། འཇམ་མགོན་ངག་དབང་ཡོན་ཏན་རྒྱ་མཚོ་སོགས་ལས་སྒྲུབ་ཐབས་ཀུན་བཏུས་སོགས་ཟབ་ཆོས་དུ་མ་གསན། སྡེ་དགེ་ལྷུན་ གྲུབ་སྟེང་དང་། སྐྱེ་རྒུ་དོན་གླིང་སོགས་སུ་བྱོན་ཏེ་གསུང་ངག་ལམ་འབྲས་སོགས་ཀྱི་དབང་ལུང་མན་ངག་དུ་མ་སྩལ། ལྷག་པར་རྒྱུད་སྡེ་ གསུམ་པ་རྣལ་འབྱོར་རྩ་བཤད་ཆ་མཐུན་གྱི་རྒྱུད་ལས་བསྟན་པའི་དཔལ་རྩེ་དབྱིངས་གསུམ་སོགས་ཀྱི་དབང་སུམ་ཅུ་ཙམ་གྱི་རྒྱུན་ཆད་ ལ་ཉེ་བ་ན། འཇམ་དབྱངས་བློ་གཏེར་དབང་པོ་ལ་ཡོངས་རྫོགས་སྩལ་ཏེ་བསྟན་པའི་སྲོག་མཐུད་པ་སོགས་བཀའ་དྲིན་མཚུངས་མེད་དུ་ གྱུར། ཐུགས་སྲས་གཙང་པཎ་ཆེན་རིན་པོ་ཆེ། ཞབས་དྲུང་རྣམ་པ་བཞི། ཞྭ་ལུ་རི་ཟུར་སོགས་གྲངས་ལས་འདས་པ་བསྐྲུན། མཐར་ དགུང་ལོ་དྲུག་ཅུ་རྩ་ལྔ་པ་ལྕགས་གླང་། ཕྱི་ལོ་ ༡༩༠༡ ལོར་འདའ་ཁ་མའི་རྣལ་འབྱོར་ལ་བརྟེན་ནས་ཞི་བར་གཤེགས།

