འཇམ་དབྱངས་ཤེས་རབ་རྒྱ་མཚོ།
ཁོང་རབ་བྱུང་བཅུ་བཞི་པའི་དཀྱིལ་དང་དུས་རབས་བཅུ་དགུ་པའི་དཀྱིལ་སྟོད་ཙམ་དུ་གཙང་རོང་སྨན་ཐངས་པར་མཁན་ཆེན་ངག་ དབང་བློ་གྲོས་བཟང་པོའི་དབོན་རིགས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་རིགས་སད། ངོར་ཁང་གསར་བླ་བྲང་དུ་ གདན་དྲངས། རྒྱུད་ཆུང་བཞི་སོགས་ཐུགས་ལ་བཟུང། བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་མཁན་པོ། རྣལ་འབྱོར་འཇམ་དཔལ་ བཟང་པོས་ལས་སློབ་གནང་སྟེ་བསྙེན་པར་རྫོགས། མཁན་ཆེན་དེ་ཉིད་ལས་སློབ་བཤད་དང། རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་ ཚོགས་བཤད་ཡོངས་རྫོགས་གསན། གཞན་ཡང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དང། ངག་དབང་བློ་གྲོས་བསྟན་འཛིན། ཀུན་དགའ་ བསྟན་པའི་བློ་གྲོས། གནས་ལྔ་རིག་པ་འཇིགས་མེད་དཔལ་ལྡན། ཁུ་ན་མཆོག་སྤྲུལ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་ པར་གསན་བསམ་གནང། ཁྱད་པར་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས་གསུང་ངག་ལམ་འབྲས་ དང་། ངོར་ལུགས་དཀྱིལ་འཁོར་བདུན་སོགས་རྒྱུད་སྡེ་མང་པོར་གསན་བསམ་མཛད། ཀྱེ་རྡོར་སོགས་གཞིའི་བསྙེན་པ་མཐར་ཕྱིན། མེ་ སྟག་ལོར་ངོར་ཆེན་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ། གསུང་ངག་ལམ་འབྲས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། སློབ་མ་ ཡང་ངག་དབང་བློ་གྲོས་སྙིང་པོ། སྡེ་དགེ་ལྷ་སྲས་བླ་མ། གླིང་ལྷ་སྲས། འཇིགས་མེད་དཔལ་ལྡན་སོགས་མང་དུ་བསྐྲུན། གསུང་རྩོམ་ ཡང་ཆབ་ཤོག་སོགས་ཆོས་ཚན་འགའ་རྗེས་འཇུག་གདུལ་བྱའི་གསོས་སུ་བཞུགས། ཐུགས་རྗེ་དང་མཁྱེན་རབ་ཕུལ་དུ་སོན་ཀྱང་སྐུ་ཚེ་ཧ་ ཅང་རིང་པོར་མ་བཞུགས་པས་མཁས་ཚུལ་གསུམ་གྱི་ཕྲིན་ལས་ཆེར་མ་རྒྱས། བྱ་ལོར་ཧོར་ཟླ་བཅུ་པའི་ཚེས་ལ་བདེ་བར་གཤེགས།

