རྗེ་དཀོན་མཆོག་འཕེལ།
ཁོང་ནི་རབ་བྱུང་བདུན་པའི་ཤིང་གླང་། ཕྱི་ལོ་ ༡༤༤༥ ལོར་དཔལ་ལྡན་ས་སྐྱར་ཡབ་བཀྲིས་ལེགས་པ་དང། ཡུམ་བུ་འདྲེན་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་རྡོ་རྗེ་འཆང་ཀུན་དགའ་བཟང་ལས་དགེ་བསྙེན་ཞུས། མཚན་ཨ་རིག་འཕེལ་དུ་ བཏགས། སྐུ་ན་ཆུང་ངུའི་དུས་ནས་ངོར་དུ་བྱོན་ཏེ་ཁུ་བོ་ཆོས་རྗེ་ཀུན་དགའ་དབང་ཕྱུག་པའི་ཞབས་པད་བསྟེན། རྗེ་སེམས་དཔའ་ཆེན་ པོ་དང། འཇམ་དབྱངས་ཤེར་རྒྱམ་སོགས་མཁན་སློབ་ལས་རབ་ཏུ་བྱུང་། མཚན་དཀོན་མཆོག་འཕེལ་དུ་གསོལ།
དགུང་ལོ་སོ་དྲུག་པར་ མཁན་པོ་མཁས་གྲུབ་དཔལ་ལྡན་རྡོ་རྗེ། ལས་སློབ་ཀུན་མཁྱེན་བསོད་ནམས་སེང་གེ་སོགས་ལས་བསྙེན་པར་རྫོགས། མཁན་སློབ་དེ་ དག་དང། མུས་ཆེན་སེམས་དཔའ་ཆེན་པོ། རྗེ་བཙུན་ཀུན་དགའ་དབང་ཕྱུག།དཔལ་ལྡན་ཆོས་སྐྱོང་སོགས་ལས་ཐོས་བསམ་སྒོམ་པ་ མཐར་སོན། ཆོས་རྗེ་ཀུན་དགའ་དབང་ཕྱུག་པའི་ཆག་ཕྱིར་གློ་བོར་བྱོན། རྟ་ལོར་རྡོ་རྗེ་འཆང་གི་བཞུགས་ཁྲིར་མངའ་གསོལ་ཏེ་ལོ་ཉེར་ བརྒྱད་རིང་དབུས་གཙང་ཁམས་གསུམ་གྱི་གདུལ་བྱ་དཔག་ཏུ་མེད་པར་ལོ་རེར་ལམ་འབྲས་ཚར་རེས་མཚོན་ཆོས་འཆད་ཉན་གྱི་ཕྲིན་ ལས་བསྐྱངས།
སློབ་མ་ཡང་རྗེ་བཙུན་དམ་པ་མུས་ཆེན་སངས་རྒྱས་རིན་ཆེན་དང། མཁན་ཆེན་བསོད་ནམས་ལྷུན་གྲུབ། ཆོས་རྗེ་
བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། དཔལ་འཁོར་ཆོས་སྡེ་མཁན་ཆེན་མཁྱེན་རབ་དབང་ཕྱུག་དཀོན་མཆོག་ཚུལ་ཁྲིམས། སྣར་ ཐང་མཁན་ཆེན་ཤེས་རབ་དཔལ་ལྡན། སྒ་གདོང་མཁན་ཆེན་གཞུང་བརྒྱ་སྨྲ་བ་རིན་ཆེན་དཔལ་བཟང། སྐྱེད་ཚལ་ཆོས་རྗེ་ནོར་བུ་ཕུན་ ཚོགས་སོགས་མཁས་གྲུབ་དུ་མ་བྱོན། རབ་བྱུང་བརྒྱད་པའི་ལྕགས་བྱ་ལོར་མུས་ཆེན་སངས་རྒྱས་རིན་ཆེན་ངོར་གྱི་གདན་སར་བསྐོས་ ནས་རྗེ་ཉིད་ཐར་རྩེར་སྐུ་མཚམས་ལ་བཞུགས། དགུང་ལོ་ལྔ་བཅུ་ང་བརྒྱད་པར་རབ་བྱུང་དགུ་པའི་ཤིང་ཁྱི། ཕྱི་ལོ་ ༡༥༡༤ ལོར་ཐར་ རྩེར་བདེ་བར་གཤེགས།

