ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ།
ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་བྱི་། ཕྱི་ལོ་ ༡༨༧༦ ལོར་རོང་སྨན་ཐང་དུ་སྐུ་བལྟམས། ངོར་ཁང་གསར་བླ་བྲང་དུ་གདན་ཞུས་ཀྱིས་ ཞབས་དྲུང་གི་མཚན་གསོལ། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ལ་གསན་བསམ་གནང། ཁང་གསར་མཁན་ཆེན་ངག་དབང་བློ་ གྲོས་སྙིང་པོའི་མདུན་ནས་ལམ་འབྲས་དང། བྱང་སྡོམ། དགེ་ཚུལ་སློང་སོགས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། ཁམས་སུ་བྱོན་ནས་ མཁན་ཆེན་གཞན་དགའ་རིན་པོ་ཆེ་དང། སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ། སློབ་དཔོན་བློ་གཏེར་དབང་པོ། བྲག་ར་ཆོས་ཀྱི་ཉི་མ་
30
སོགས་མཁས་གྲུབ་བགྲང་ལས་འདས་པ་བསྟེན། གཞུང་ལུགས་རིག་གནས་དང་། གསུང་ངག་སློབ་བཤད། རྒྱུད་སྡེ་ཀུན་བཏུས། སྒྲུབ་ ཐབས་ཀུན་བཏུས་སོགས་ལ་གསན་བསམ་མཐར་ཕྱིན། ངོར་ཨེ་ཝཾ་དུ་མཁན་ཁྲི་ལོ་གསུམ་གནང། གསུང་ངག་ལམ་འབྲས་སོགས་ཟབ་ ཆོས་དུ་མ་འཆད་སྤེལ་གནང། གཞན་ཡང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དང། གདན་ས་འོག་མ་རྩེ་གདོང་། རྟ་ནག་ཐུབ་བསྟན་ རྣམ་རྒྱལ། གསེར་མདོག་ཅན། མུས་སྟག་མོ་དགོན། ངོར་ཨེ་ཝཾ་སོགས་སུ་སྒྲུབ་ཐབས་ཀུན་བཏུས་དང། རྒྱུད་སྡེ་ཀུན་བཏུས་སོགས་ ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། སློབ་མ་ཡང་ས་སྐྱའི་ཁྲི་ཆེན་སྒྲོལ་མ་ཕོ་བྲང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ། ངོར་ཕན་ཁང་མཁན་པོ་ངག་དབང་མཁས་གྲུབ་རྒྱ་མཚོ། ཀླུ་ལྡིང་མཁན་པོ་འཇམ་ དབྱངས་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ། ནཱ་ལེནྡྲ་བཅོ་བརྒྱད་ཁྲི་ཆེན་ཐུབ་བསྟན་ལེགས་བཤད་རྒྱ་མཚོ། ཁང་གསར་མཁན་པོ་ངག་ དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ། ས་སྐྱ་ལྷ་ཁང་མཁན་ཆེན་འཇམ་དཔལ་བཟང་པོ། རྟ་ནག་མཁན་ཆེན་ངག་གི་དབང་ཕྱུག་ སོགས་སློབ་ཚོགས་དུ་མ་བྱོན། མཐར་དགུང་ལོ་བདུན་ཅུ་དོན་བདུན་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ། ཕྱི་ལོ་ ༡༩༥༣ ལོར་ཨེ་ཝཾ་ ཁང་གསར་བླ་བྲང་དུ་ཞི་བར་གཤེགས།

