མཁས་གྲུབ་ངག་དབང་དམ་ཆོས།
ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ། ཕྱི་ལོ་ ༡༧༧༦ ལོར་རོང་ཡུལ་ཕོ་སྒོང་སྟེང་ཞེས་པར་སྐུ་འཁྲུངས། དད་པ་དང་ངེས་འབྱུང་ གིས་རྒྱུད་བསྐུལ་ཏེ་ངོར་ཨེ་ཝཾ་ཆོས་ལྡན་དུ་བྱོན། རྒྱུད་ཆུང་བཞི་དང། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ལ་གསན་བསམ་གནང། མཁན་ཆེན་སངས་རྒྱས་གྲགས་པ་ལས་བསྙེན་པར་རྫོགས། གཞན་ཡང་ངག་དབང་ཕུན་ཚོགས་དོན་གྲུབ། མཁས་གྲུབ་ཀུན་དགའ་ བསོད་ནམས། ཐར་རྩེ་ནམ་མཁའ་འཆི་མེད་སོགས་ལས་སྨིན་གྲོལ་རྒྱབ་བརྟེན་ལུང་དང་བཅས་པར་ཐོས་བསམ་སྒོམ་གསུམ་མཐར་ ཕྱིན། བྱམས་པ་ནམ་མཁའ་འཆི་མེད་ཀྱི་གདན་ཚབ་ཏུ་ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲིར་མངའ་གསོལ། གསུང་ངག་ལམ་ འབྲས་སོགས་རྒྱུད་སྡེ་བཞིའི་སྨིན་གྲོལ་རྒྱུན་གང་བཞུགས། སོ་བྱང་གི་སྡོམ་པ་སོགས་ཆོས་ཀྱི་སྦྱིན་པས་སློབ་ཚོགས་མཐའ་ཡས་པ་ ཚིམས་པར་མཛད། གསུང་སྐྱེས་ཀྱི་སློབ་མ་ཡང་ངག་དབང་བློ་གྲོས་བཟང་པོ། ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་སོགས་ བསྟན་འཛིན་དུ་མ་བསྐྲུན། དགུང་ལོ་ཉེར་དགུ་པ་ཤིང་བྱི་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་གཟུགས་སྐུའི་བཀོད་པ་ དབྱིངས་སུ་བསྡུས། (འདས་ལོ་དེ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་རྟོགས་བརྗོད་དུ་གསལ།)

