Khedrup Palden Dhondup
ཁོང་ནི་རབ་བྱུང་དགུ་པའི་ཆུ་ཕག ཕྱི་ལོ་ ༡༥༦༣ ལོར་གཙང་སྟོད་ཆུ་འདུས་ཁ་རྔར་ཡབ་བསོད་ནམས་ཤེས་རབ་དང། ཡུམ་དཔལ་ ལྡན་བུ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས། རྗེ་དཀོན་མཆོག་དཔལ་ལྡན་གྱིས་ མཁན་པོ་དང། སློབ་དཔོན་ཀུན་དགའ་མཆོག་ལྡན་ལས་རབ་ཏུ་བྱུང་། མཚན་དཔལ་ལྡན་དོན་གྲུབ་ཅེས་གསོལ། དགུང་ལོ་ཉེར་དགུ་ པར་བྲང་ཏི་ནམ་མཁའ་དཔལ་བཟང་གིས་མཁན་པོ། མུས་ཆེན་ནམ་མཁའ་དཔལ་བཟང་གིས་སློབ་དཔོན། ཆོས་རྗེ་ངག་དབང་ མཆོག་ལེགས་རྡོ་རྗེས་གསང་སྟོན་སོགས་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། རལ་ཆེན་དཔལ་འབྱོར་ཤེས་རབ། སྔགས་ འཆང་དཀོན་མཆོག་ལེགས་འཛིན། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་པོ། ཤར་ཆེན་ ཀུན་དགའ་བཀྲིས། འཇད་ཤར་ཕྱོགས་བླ་མ་བསོད་ནམས་ལྷུན་གྲུབ། རྗེ་དབང་ཕྱུག་རབ་བརྟན་སོགས་ལས་གསུང་ངག་ལམ་འབྲས་ ཀྱིས་མཚོན་མདོ་སྔགས་གཞུང་ལུགས་མང་པོར་གསན་པ་རྒྱ་མཚོའི་མཐར་སོན། ཨེ་ཝཾ་ཆོས་འཁོར་རྩེར་ཟུར་འཆད་མཛད། དགུང་ལོ་ ལྔ་བཅུ་ང་དྲུག་པ་ས་རྟ་ལོར་ངོར་ཆེན་རྡོ་རྗེ་འཆང་གི་གདན་ཁྲིར་མངའ་གསོལ། འཁོར་འདུས་པ་རྒྱ་མཚོར་ལམ་འབྲས་སོགས་ཀྱི་ཁྲིད། དབང་། ལུང་། མན་ངག་སོགས་མང་དུ་སྩལ། བསྟན་འཛིན་སློབ་མ་ཡང་། ས་སྐྱ་བདག་ཆེན་མཐུ་སྟོབས་དབང་ཕྱུག། ངོར་པའི་མཁན་ ཆེན་རྣམ་གཉིས། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་ཆེན་བཟོད་པ་རྒྱ་མཚོ་དང་ཆོས་རྣམ་རྒྱལ་གཉིས། སྐྱེད་ཚལ་མཁན་ཆེན་གོང་འོག། ཆོས་རྗེ་བཀྲ་ཤིས་རྒྱ་མཚོ་སོགས་དུ་མ་བསྐྲུན། དེ་ནས་ཆུ་ཁྱི་ལོར་ཉིད་ཀྱི་རྒྱལ་ཚབ་ཏུ་ཐར་རྩེ་ནམ་མཁའ་སངས་རྒྱས་མངའ་གསོལ། དགུང་ལོ་དྲུག་ཅུ་རེ་གཅིག་ནས་ལོ་བཅུ་བཞི་རིང་སྒྲུབ་པ་མཛད། གསུང་རྩོམ་ཡང་། རྗེ་བྲང་ཏི་པའི་རྣམ་ཐར་དང་། བླ་མ་ལྔ་བཅུ་ པའི་འགྲེལ་པ། ལམ་འབྲས་ཀྱི་བརྒལ་ལན་སོགས་ཆོས་ཚན་དུ་མ་མཛད། མཐར་དགུང་ལོ་དོན་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་ བྱི། ཕྱི་ལོ་ ༡༦༣༦ ལོར་སྐུ་གཤེགས།

