གདན་རབས་རིམ་བྱོན།

ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ།

རྗེ་འདི་ནི་རབ་བྱུང་བདུན་པའི་ས་བྱ། ཕྱི་ལོ་ ༡༤༢༩ ལོར་མདོ་ཁམས་འབོམ་གྱི་ཡུལ་དུ་ཡབ་རུ་ཚ་ཞང་སྐྱབས་དང། ཡུམ་རྒྱལ་བ་ སྨན་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་མི་ཉག་དཔལ་ལྡན་དུ་གསོལ། དགུང་ལོ་བརྒྱད་པར་མཁན་པོ་བསོད་ནམས་འོད་ ཟེར་དང་། སློབ་དཔོན་ཀུན་དགའ་འབུམ་གྱི་དྲུང་དུ་རབ་ཏུ་བྱུང་། མཚན་བསོད་ནམས་སེང་གེ་ཞེས་གསོལ། སློབ་དཔོན་དེ་ཉིད་དང། གོ་བོ་རབ་འབྱམས་པ་ཤེས་རབ་དཔལ། བཀའ་བཅུ་པ་སྦྱིན་བཟང་སོགས་ལས་ཆོས་མང་དུ་གསན་ནས་མཁས་པར་གྱུར་ཏེ་གོ་བོ་རབ་ འབྱམས་པ་ཞེས་མཚན་གསོལ། 

དགུང་ལོ་བཅུ་དགུ་པར་དབུས་གཙང་ཕྱོགས་སུ་བྱོན། དཔལ་ནཱ་ལེནྡྲར་རོང་སྟོན་ཆེན་པོའི་ཞབས་ལ་ བཏུགས་ནས་གསུང་གི་བདུད་རྩི་མྱངས། དགུང་ལོ་ཉེར་གཅིག་པར་འབྲས་ཡུལ་སྐྱེད་ཚལ་གྱི་ཆོས་གྲྭར་ཀུན་མཁྱེན་སངས་རྒྱས་འཕེལ་ གྱི་དྲུང་དུ་བྱོན། ཕར་ཚད་འདུལ་མངོན་སོགས་སྡེ་སྣོད་ཀྱི་ཚིག་དོན་མཐའ་དག་ཐུགས་སུ་ཆུད། དགུང་ལོ་ཉེར་དྲུག་པར་ཨེ་ཝཾ་ཆོས་ལྡན་ དུ་བྱོན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་སོགས་མཁན་སློབ་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། ལོ་བཞིའི་རིང་རྗེ་དེ་ཉིད་ཀྱི་ ཞལ་སྔ་ནས་གསུང་ངག་ལམ་འབྲས་དང། བདེ་ཀྱེ་གསང་གསུམ་སོགས་གདམས་པ་ཟབ་མོ་བསམ་གྱིས་མི་ཁྱབ་པ་གསན། གཞན་ཡང་ མུས་ཆེན་སེམས་དཔའ་ཆེན་པོ་སོགས་མཁས་གྲུབ་བཅུ་ཕྲག་གཉིས་ལ་ཉེ་བ་ལས་གསུང་ངག་ལམ་འབྲས་སོགས་མདོ་རྒྱུད་རྒྱ་མཚོ་ལྟ་ བུར་གསན་བསམ་མཐར་ཕྱིན། 

དགུང་ལོ་སོ་གཉིས་ནས་ལོ་བཞིའི་རིང་སྐྱེད་ཚལ་དུ་འཆད་ཉན་མཛད། དགུང་ལོ་སོ་བརྒྱད་པར་རྟ་ ནག་གསེར་གླིང་གི་ཆོས་གྲྭ་བཙུགས། ལོ་བརྒྱད་རིང་འཆད་པའི་དགའ་སྟོན་སྤེལ། དགུང་ལོ་ཞེ་ལྔ་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ ལོར་ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་གྲྭ་ཕྱག་བཏབ་སྟེ་མདོ་སྔགས་འཆད་ཉན་གྱིས་བསྟན་པ་ཉི་མོ་ལྟར་གསལ་བར་མཛད། 

དགུང་ ལོ་ང་ལྔ་པ་ཆུ་ཡོས་ལོ་ནས་མེ་རྟ་ལོ་བར་ལོ་བཞིའི་རིང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་བཟུང་། གསུང་ངག་ལམ་འབྲས་སོགས་མདོ་ སྔགས་ཀྱི་བཤད་སྒྲུབ་རྒྱ་ཆེ་སྤེལ་ཞིང། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་དར་རྒྱས་མཛད། 

གསུང་རྩོམ། མདོ་སྔགས་ཀྱི་གཞུང་ འགྲེལ་དང། ཁྲིད་ཡིག་སོགས་གསུང་པོད་བཅོ་ལྔ་བཞུགས། 

སློབ་མ་ཡང་བདག་ཆེན་བསོད་ནམས་རྒྱལ་མཚན་སོགས་སྐྱེས་ཆེན་གསུམ། ཆོས་རྗེ་རྒྱལ་བ་འོད་ཟེར་སོགས་གཙུག་རྒྱན་ལྔ། འཇམ་དབྱངས་ཀུན་ཆོས་བཟང་སོགས་ཀ་ཆེན་ལྔ། ཀོང་སྟོན་དབང་ཕྱུག་ གྲུབ་དང། ཡོངས་འཛིན་དཀོན་མཆོག་འཕེལ་བ། ཆོས་རྗེ་སངས་རིན་པ་སོགས་གངས་ཅན་མཛེས་པའི་རྒྱན་བཅུ་གཉིས། རྗེ་ལྷ་མཆོག་ སེང་གེ་སོགས་བསྟན་པའི་གསལ་བྱེད་དྲུག་སོགས་སློབ་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན། 

མཐར་དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱང་བརྒྱད་པའི་ས་བྱ།ཕྱི་ལོ་༡༤༨༩ལོར་སྔོན་མོ་རྫོང་དུ་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་གཅིག་ལ་བདེ་བར་གཤེགས་སོ།