ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ།
ཁོང་ནི་ཡབ་ཤར་ཆེན་ཀླུ་ལྡིང་པ་བཀྲིས་རྒྱལ་མཚན་དང། ཡུམ་སྤེན་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག ཕྱི་ལོ་ ༡༩༣༩ ལོར་སྐུ་འཁྲུངས། དགུང་ལོ་བཅུ་པར་ཁམས་སྒ་སྟོད་དུ་ཁུ་བོ་རྡོ་རྗེ་འཆང་གི་མདུན་ཕེབས་ཏེ་གཙུག་ཕུད་ཕུལ། མཚན་ འཇམ་དབྱངས་བསྟན་པའི་ཉི་མར་གསོལ། སྒྲུབ་ཐབས་བརྒྱ་རྩ་སོགས་ཟབ་ཆོས་དུ་མ་གསན། དགུང་ལོ་བཅུ་གཉིས་བར་དར་རྒྱས་ དགོན་དུ་གསན་བསམ་གནང། དགུང་ལོ་བཅུ་གསུམ་པར་སྐྱེ་རྒུ་དགོན་དུ་ཕན་བདེ་མཁན་ཆེན་རྡོ་རྗེ་འཆང་ངག་དབང་མཁས་གྲུབ་རྒྱ་ མཚོ་ལས་རྒྱུད་སྡེ་ཀུན་བཏུས་སོགས་ཟབ་ཆོས་དུ་མ་གསན། དེ་ནས་ངོར་དུ་ཕེབས་ཏེ་ཁུ་བོ་རྡོ་རྗེ་འཆང་གི་མདུན་ནས་གསུང་ངག་ལམ་ འབྲས་སོགས་གཞུང་ལུགས་དུ་མ་གསན། ལོ་གསུམ་ལྷག་རིང་ཀྱེ་རྡོར་སོགས་ལྷག་ལྷ་མང་པོའི་བསྙེན་སྒྲུབ་མཛད། དགུང་ལོ་བཅུ་དགུ་ པར་ཁུ་བོ་རྡོ་རྗེ་འཆང་ནས་མཁན་པོ་དང། ལས་སློབ་མཆོག་སྤྲུལ་ལུང་རྟོགས་རྒྱལ་མཚན་སོགས་ལས་བསྙེན་པར་རྫོགས། ལྕགས་ཡོས་ ལོར་སྐྱེ་དགོན་དུ་ཁུ་བོའི་སྐུ་ཚབ་ཏུ་ཕེབས་ཏེ་བསྟན་འགྲོའི་དོན་མཛད། དགུང་ལོ་ཉེར་བཞི་པ་ཤིང་རྟ་ལོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་ ཁྲིར་ཕེབས། ལོ་གསུམ་རིང་མཁན་པོ་ཁྲི་པའི་ཐུགས་འགན་བཞེས། ལམ་འབྲས་སོགས་གདམས་ངག་དུ་མ་སྩལ། མེ་བྱ་ལོར་ཁང་ གསར་མཁན་རིན་པོ་ཆེར་མཁན་ཁྲི་རྩིས་འབུལ་ཞུས། དགུང་ལོ་ཉེར་དགུ་པར་དུས་འགྱུར་བྱུང་བས་རྒྱ་གར་དུ་ཕེབས། སྔ་རྗེས་སུ་ དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ལས་གསུང་ངག་ལམ་འབྲས་སོགས་དུ་མ་གསན། གཞན་ཡང་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་ རིན་པོ་ཆེ། ཕན་བདེ་མཁན་ཆེན། བཅོ་བརྒྱད་ཁྲི་ཆེན། སྐྱེ་དགོན་མཁན་ཆེན་ངག་དགའ། དར་དགོན་མཁན་པོ་འཇམ་དཔལ་བློ་གྲོས། མཁན་ཆེན་ཨ་པད་རིན་པོ་ཆེ་སོགས་མདོར་ན་བླ་མ་བཅུ་ཕྲག་གཉིས་ལྷག་བསྟེན་ཏེ་དབང་ལུང་ཁྲིད་མན་ངག། མདོ་སྔགས་གཞུང་ ལུགས་རིག་གནས་སྐོར་གསན་བསམ་མཐར་ཕྱིན་པར་གནང། ལྕགས་ལུག་ལོར་སྒང་ཏོག་ཏུ་ས་ངོར་ཆོས་ཚོགས་གསར་འཛུགས་ མཛད། ལམ་འབྲས་སོགས་ཀྱི་གདམས་ངག་དུ་མ་སྩལ། ས་རྟ་ལོར་འཕགས་ཡུལ་སྡེ་སྡུན་མངའ་ཁོངས། མན་ཌུ་ཝ་ལར་ངོར་མ་དགོན་ གསར་བཞེངས་ཀྱི་ཐུགས་འགན་གཙོ་བོར་བཞེས། བོད་དུ་ཐེངས་གཉིས་ཕེབས་ངོར་མ་དགོན་ཉམས་གསོ་གནང། སྔ་ཕྱི་ལམ་འབྲས་ ཚོགས་བཤད་ཚར་བཅུ་གཉིས། སློབ་བཤད་ཚར་གསུམ་གྱིས་མཚོན་པའི་གདམས་ཟབ་དུ་མའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། དགེ་སློང་གཅིག་པུ་ཁྲི་ཕྲག་བརྒལ་བ་བསྒྲུབས། དགུང་ལོ་ཉེར་བཞི་ལོར་མཁན་ཁྲི་ཐོག་མར་གནང་བ་ནས་བདུན་ཅུ་བར་ལོ་ཤས་མ་ གཏོགས་མཁན་པོ་ཁྲི་པའི་ཐུགས་འགན་བཞེས། དེ་ནས་ཀླུ་ལྡིང་དང་ཐར་རྩེ་ཞབས་དྲུང་རྣམ་གཉིས་ལ་གདན་ཁྲི་གཏད། གཙོ་བོ་སྒྲུབ་ པ་ཉམས་ལེན་འབབ་ཞིག་མཛད་བཞིན་བཞུགས་པ་ལགས་སོ། །

