གདན་རབས་རིམ་བྱོན།

རྗེ་དཀོན་མཆོག་དཔལ་ལྡན།

ཁོང་ནི་རབ་བྱུང་དགུ་པའི་མེ་ཁྱི། ཕྱི་ལོ་ ༡༥༢༦ ལོར་དཔལ་ལྡན་ས་སྐྱའི་གཉན་ཁང་གསར་དུ་ཡབ་ལྷ་མོ་དར་དང། ཡུམ་དཔལ་ལྡན་ བུ་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཚེ་བརྟན་དོན་གྲུབ་གསོལ། དགུང་ལོ་བཅུ་གསུམ་པར་ཨེ་ཝཾ་དུ་བྱོན་ཏེ་རྗེ་དཀོན་ མཆོག་ལྷུན་གྲུབ་ཀྱིས་མཁན་པོ་དང། ཆོས་རྗེ་དགེ་ལེགས་བཤེས་གཉེན་པས་ལས་སློབ་མཛད་ནས་རབ་ཏུ་བྱུང།

རྗེ་དཀོན་མཆོག་དཔལ་ལྡན།

ཁོང་ནི་རབ་བྱུང་དགུ་པའི་མེ་ཁྱི། ཕྱི་ལོ་ ༡༥༢༦ ལོར་དཔལ་ལྡན་ས་སྐྱའི་གཉན་ཁང་གསར་དུ་ཡབ་ལྷ་མོ་དར་དང། ཡུམ་དཔལ་ལྡན་ བུ་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཚེ་བརྟན་དོན་གྲུབ་གསོལ། དགུང་ལོ་བཅུ་གསུམ་པར་ཨེ་ཝཾ་དུ་བྱོན་ཏེ་རྗེ་དཀོན་ མཆོག་ལྷུན་གྲུབ་ཀྱིས་མཁན་པོ་དང། ཆོས་རྗེ་དགེ་ལེགས་བཤེས་གཉེན་པས་ལས་སློབ་མཛད་ནས་རབ་ཏུ་བྱུང། མཚན་དཀོན་མཆོག་ དཔལ་ལྡན་དུ་གསོལ། དགུང་ལོ་བཅུ་དྲུག་ནས་ཉེར་བཞིའི་བར་དུ་འབྲས་ཡུལ་སྐྱེད་ཚལ་དུ་ཀུན་མཁྱེན་ཤེས་རབ་འོད་ཟེར་ལས་རྒྱུ་ མཚན་ཉིད་ཐེག་པའི་སྐོར་གསན་སྦྱོང་མཐར་ཕྱིན་པ་གནང། དགུང་ལོ་ཉེར་དགུ་པར་མཁན་པོ་རྗེ་དཀོན་མཆོག་ལྷུན་གྲུབ་དང་། ལས་ སློབ་འཇམ་དབྱངས་ཤེས་རབ་སོགས་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། རྗེ་སངས་རྒྱས་སེངྒེ་སོགས་ལས་གསུང་ངག་ ལམ་འབྲས་སོགས་གདམས་ཟབ་དུ་མ་གསན། གཞན་ཡང་སྔགས་འཆང་ཆེན་པོ་ཤེར་འོད། བྱང་སེམས་དཀོན་རྒྱལ། སྤྱན་སྔ་དཀོན་ མཆོག་རྒྱ་མཚོ་སོགས་ལས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་ནས་སྒྲུབ་པ་ལ་བརྩོན། དགུང་ལོ་སུམ་ཅུ་སོ་གྲངས་ནས་ཨེ་ཝཾ་ གཙོ་བོར་གྱུར་པའི་ཆོས་སྡེ་རྣམས་སུ་འཆད་ཉན་མཛད། རྗེ་སངས་རྒྱས་སེང་གེ་སྐུ་གཤེགས་ནས།རྗེ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་གསོལ་བ་བཏབ་པ་བཞིན་དགུང་ལོ་བཞི་བཅུ་ཞེ་བཞི་པར་ས་སྦྲུལ་ལོར་དཔལ་ཨེ་ཝཾ་པའི་གདན་ཁྲིར་མངའ་གསོལ། གསུང་ངག་ལམ་ འབྲས་ཚར་ཉི་ཤུ་སོགས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར། སྔ་ཕྱི་ས་སྐྱ་དང། ཞྭ་ལུ། རྩེ་གདོང། ཐུབ་བསྟན་ཡངས་པ་ཅན་ སོགས་སུ་བྱོན་ནས་འཆད་ཉན་གྱི་ཕྲིན་ལས་དུ་མ་སྤེལ། སླར་ཡང་རྟ་ལོར་ཨེ་ཝྃ་པའི་གདན་སའི་ཁུར་བཞེས། སློབ་མ་ཡང་འཇམ་ དབྱངས་ཀུན་དགའ་བདེ་ལེགས་གྲགས་པ་རྒྱལ་མཚན་ཡབ་སྲས་དང། བྱམས་པ་ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན།ཆོས་རྗེ་ནམ་མཁའ་དཔལ་བཟང།འབུམ་རབ་འབྱམས་པ་རྒྱལ་བ་བློ་གྲོས་སོགས་དུ་མ་བྱོན།ལེགས་བཤད་ཀྱང་བསྟོད་ཚོགས་སོགས་ཆོས་ཚན་སུམ་ཅུ་སོ་བདུན་རྗེས་འཇུག་གདུལ་བྱའི་གསོས་སུ་བཞུགས།མཐར་དགུང་ལོ་དྲུག་ཅུ་རེ་ལྔ་པ་བོད་རབ་བྱུང་ བཅུ་པའི་ལྕགས་སྟག ཕྱི་ལོ་ ༡༥༩༠ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།