མཚུངས་མེད་བསོད་ནམས་དཔལ་ལྡན།
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་བྱ། ཕྱི་ལོ་ ༡༦༦༩ ལོར་གཙང་ཕྱུག་གཞུང་སྤེལ་སྐྱར་ཡབ་དོན་ཡོད་དཔལ་དང་། ཡུམ་ཨ་སྒོས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཨེ་ཝཾ་དུ་ཆོས་སྒོར་ཞུགས། འཇམ་མགོན་ལྷུན་གྲུབ་དཔལ་ལྡན་ལ་གཙུག་ཕུད་ ཕུལ་ནས་མཚན་བསོད་ནམས་དཔལ་ལྡན་དུ་གསོལ། རྣལ་འབྱོར་ཀུན་བཟང་ལྷུན་གྲུབ་དང། འཇམ་མགོན་ལྷུན་གྲུབ་དཔལ་ལྡན། ཤར་ཆེན་ཡེ་ཤེས་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཤར་ཆེན་སངས་རྒྱས་བསྟན་འཛིན། བྱམས་པ་ཚུལ་ཁྲིམས་དཔལ་ བཟང་སོགས་ཡོངས་འཛིན་དུ་མ་བསྟེན་ནས། སོར་ཐར་དང། བྱང་སེམས། གསུང་ངག་ལམ་འབྲས་ཀྱིས་གཙོས་པའི་རྡོ་རྗེ་ཐེག་པའི་ དབང་ཁྲིད། ལུང་མན་ངག་སོགས་གསན། ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་མཛད། དགུང་ལོ་ཉེར་གཅིག་པར་སྡེ་དགེ་ལྕགས་ ར་ཟིལ་གནོན་སྒར་དུ་ཕེབས་ཏེ་འགྲོ་དོན་མཛད། དགུང་ལོ་ཞེ་གཉིས་པ་ལྕགས་སྟག་ལོར་ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ ལ་མངའ་གསོལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་ བསྐོར། གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད། སློབ་མ་ཡང་བྱམས་པ་བསོད་ནམས་བཟང་པོ། བྱམས་པ་ནམ་མཁའ་བསམ་གྲུབ། རྣལ་ འབྱོར་བཀྲིས་ལྷུན་གྲུབ། འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ། ཞབས་དྲུང་དཔལ་ལྡན་བཟང་པོ། ཞབས་དྲུང་ནམ་མཁའ་རྒྱལ་མཚན། ཆོས་རྗེ་རྡོ་རྗེ་གདན་པ་སོགས་དུ་མ་བྱོན། མདོར་ན་དམ་པ་འདི་ཉིད་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤེལ། མཐར་ དགུང་ལོ་ཞེ་ལྔ་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ། ཕྱི་ལོ་ ༡༧༡༣ ལོར་ཞི་བར་གཤེགས།

