མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན།
ཁོང་ནི་རབ་བྱུང་བདུན་པའི་ས་འབྲུག ཕྱི་ལོ་ ༡༣༨༨ ལོར་གཡས་རུ་བྱང་གི་ཆ་མུས་སྟོད་སྟག་མོ་གླིང་སྐྱར་ཡབ་དཀོན་མཆོག་བཟང་ པོ་དང། ཡུམ་ནམ་མཁའ་སྐྱོང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུ་པར་མཁན་ཆེན་དབང་འོད་བཟང་པོ་དང། སློབ་དཔོན་ དཔལ་འོད་པ་ལས་དགེ་ཚུལ་གྱི་སྡོམ་པ་ནོས། མཚན་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་གསོལ། ཉང་སྟོད་དུ་མཁན་པོ་གངས་ཆེན་ཀུན་དཔལ་དང། གནས་རྙིང་དོན་གྲུབ་རིན་ཆེན་སོགས་ལས་བསྙེན་པར་རྫོགས།
མུས་ཀྱི་ཆོས་སྡེ་དང། ངམ་རིངས་ཆོས་སྡེ། ས་སྐྱ། ཇོ་ནང་། དངུལ་ཆུའི་ཆོས་རྫོང་སོགས་སུ་ཕེབས་ཏེ་ཀུན་མཁྱེན་རོང་སྟོན་ཆེན་པོ། བྱང་སེང་པ་སྐུ་མཆེད།མཉམ་མེད་ནམ་མཁའ་རྣལ་འབྱོར། སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་སོགས་ཡོངས་འཛིན་དགེ་བའི་བཤེས་གཉེན་བཞི་བཅུ་ཙམ་བསྟེན། སྡེ་སྣོད་ གསུམ་དང་རྒྱུད་སྡེ་བཞི་ཕལ་མོ་ཆེར་གསན་བསམ་མཐར་ཕྱིན། གཅོད་དང་བློ་སྦྱོང་སོགས་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ ཁྱད་པར་ཅན་འཁྲུངས།
ཁྱད་པར་དུ་རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་ལྟར་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་ཀྱི་པདྨོ་རྟག་བསྟེན། བདེ་དགྱེས་གསང་གསུམ་དང། བརྟག་གཉིས། ལྷག་པར་གསུང་ངག་རིན་པོ་ཆེའི་ཉམས་ཁྲིད་ཡོངས་སུ་རྫོགས་པ་ ལན་གསུམ་གྱི་བར་དུ་གསན་ཏེ་ཐུགས་ཉམས་སུ་བཞེས།
དགུང་ལོ་རེ་དགུ་པར་རྗེ་སྐུ་གཤེགས་པའི་ཚེ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་ གདན་ས་བསྐྱངས་ཤིང་མདོ་སྔགས་ཀྱི་འཆད་ཉན་སྤེལ། ངོར་པའི་བུ་སློབ་ཐམས་ཅད་ཀྱིས་བླ་མར་བཀུར་ཏེ་བླ་མ་ཡབ་སྲས་སུ་འབོད། དགུང་ལོ་དོན་གཉིས་པར་མུས་སུ་ཡ་མའི་དགོན་པ་གསར་འདེབས་མཛད། དགུང་ལོ་དོན་ལྔ་པར་ངོར་པའི་གདན་ས་ཤེས་རབ་རྒྱ་མཚོ་ ལ་གཏད་ནས་ཐུགས་དམ་རྩེ་གཅིག་ཏུ་བཞུགས།
བསྟན་འཛིན་གྱི་ཞལ་སློབ་ཀྱང། སྲས་ཀྱི་ཐུ་བོ་གུང་རུ་ཤེས་རབ་བཟང་པོ་ལ་སོགས་ པ་རྗེ་ངོར་པའི་སློབ་བརྒྱུད་ཐམས་ཅད་དང། ས་སྐྱ་འཁོན་གྱི་གདུང་རྒྱུད་རྣམས། རིན་སྤུངས་པ་དང། བྱང་པ་སོགས་དབུས་གཙང་ ཁམས་གསུམ་དུ་སློབ་ཚོགས་དུ་མ་བསྐྲུན། གསུང་རྩོམ། གསུང་རབས་གླེག་བམ་གཅིག་བཞུགས། མཐར་དགུང་ལོ་གྱ་གཉིས་པ་རབ་ བྱུང་བརྒྱད་པའི་ས་གླང་། ཕྱི་ལོ་ ༡༤༦༩ ལོར་མུས་ཀྱི་བསམ་གཏན་ཕུག་ཏུ་དགོངས་པ་ཆོས་དབྱིངས་སུ་གཤེགས།

