གདན་རབས་རིམ་བྱོན།

རྣལ་འབྱོར་འཇམ་དཔལ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་བྱ་། ཕྱི་ལོ་ ༡༧༨༩ ལོར་གཙང་ལ་སྟོད་རྩེན་རྒྱ་མཚོ་གླིང་དུ་ཡབ་པདྨ་དོན་གྲུབ་དང། ཡུམ་པདྨ་ བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་པདྨ་འཕྲིན་ལས་ཞེས་གསོལ། དགུང་ལོ་དྲུག་པར་ཨེ་ཝཾ་ཐར་རྩེར་ཕེབས་ཏེ་ཐོས་བསམ་ གནང་། དགུང་ལོ་བཅུ་གསུམ་པར་མཁས་གྲུབ་ངག་དབང་དམ་ཆོས་ལས་དགེ་ཚུལ་ནོས།

རྣལ་འབྱོར་འཇམ་དཔལ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་བྱ་། ཕྱི་ལོ་ ༡༧༨༩ ལོར་གཙང་ལ་སྟོད་རྩེན་རྒྱ་མཚོ་གླིང་དུ་ཡབ་པདྨ་དོན་གྲུབ་དང། ཡུམ་པདྨ་ བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་པདྨ་འཕྲིན་ལས་ཞེས་གསོལ། དགུང་ལོ་དྲུག་པར་ཨེ་ཝཾ་ཐར་རྩེར་ཕེབས་ཏེ་ཐོས་བསམ་ གནང་། དགུང་ལོ་བཅུ་གསུམ་པར་མཁས་གྲུབ་ངག་དབང་དམ་ཆོས་ལས་དགེ་ཚུལ་ནོས། དགུང་ལོ་ཉེར་གཅིག་པར་བྱམས་པ་བསོད་ནམས་དཔལ་འབྱོར་གྱིས་མཁན་པོ་དང། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་ལས་སློབ་སོགས་ལས་བསྙེན་པར་རྫོགས། མཁན་སློབ་ དེ་དག་དང། བྱམས་པ་ཀུན་དགའ་བསྟན་འཛིན། ཕན་ཁང་ཞབས་དྲུང་དཔལ་ལྡན་རིན་ཆེན་རྒྱ་མཚོ། ཀུན་དགའ་དོན་གྲུབ་སོགས་ ཡོངས་འཛིན་དུ་མ་ལས་རྒྱུད་སྡེ་དང་འབྲེལ་བའི་དབང་། རྗེས་གནང་སོགས་དང། ཁྱད་པར་དུ་གསུང་ངག་ལམ་འབྲས་བུ་དང་བཅས་ པའི་གདམས་ངག་སོགས་དུ་མར་གསན་བསམ་གནང་། ཀྱེ་རྡོར་སོགས་ཡི་དམ་ཀྱི་བསྙེན་སྒྲུབ་མཛད། དགུང་ལོ་ཞེ་བདུན་པ་ཤིང་ལུག་ལོར་བྱམས་པ་དཔལ་ལྡན་བཟང་པོའི་གདན་ཚབ་ཏུ་ཨེ་ཝཾ་པའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། གསུང་ངག་ལམ་འབྲས་ཀྱི་སྨིན་གྲོལ་གྱི་ཁྲིད་དང། རྒྱབ་བརྟེན་ལུང་དང་བཅས་པ་ཡོངས་རྫོགས་ཚར་བདུན་དང། དགེ་ཚུལ་སློང་སོགས་དུ་མ་གནང།དགུང་ལོ་ང་བཞི་བར་ལོ་བདུན་གདན་ས་བསྐྱངས།དེ་ནས་གདན་ཚབ་ཏུ་ངག་དབང་བློ་གྲོས་བསྟན་འཛིན་མངའ་གསོལ། 

དགུང་ལོ་ང་ལྔ་པར་མདོ་ཁམས་ སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས། དེ་ནས་བཟུང་དགུང་ལོ་དྲུག་ཅུ་བར་ཁམས་སུ་བསྟན་འགྲོའི་དོན་མཛད། དགུང་ལོ་རེ་དགུར་དགའ་ལྡན་ཕོ་བྲང་པས་དམ་པ་འདི་ཉིད་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཕན་ཐོག་ཆེ་བས་ཐིག་ཐིག་གུ་ཆི་མཁན་པོ་ཞེས་ཆོ་ལོ་སྩལ། དམ་པ་ འདི་ཉིད་ཀྱིས་སྔ་ཕྱི་གསུང་ངག་ལམ་འབྲས་ཚར་དགུས་མཚོན་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། 

སློབ་མ་ཡང་འཇམ་དབྱངས་ མཁྱེན་བརྩེ་དབང་པོ་དང། ངག་དབང་བློ་གྲོས་སྙིང་པོ་སྟེ་རྒྱན་གཉིས། ཕན་ཁང་མཁན་པོ་ཀུན་དགའ་བསྟན་པའི་བློ་གྲོས། ཁང་ གསར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། འཇམ་དབྱངས་ཤེས་རབ་ཆོས་ཀྱི་རྒྱལ་མཚན་སོགས་ཨེ་ཝྃ་པའི་བསྟན་འཛིན་བཅུ། ངག་དབང་སྨིན་གྲོལ་རྒྱ་མཚོ་སོགས་སྐྱེས་ཆེན་དྲུག། སྡེ་དགེ་ཆོས་རྒྱལ་ཚེ་དབང་རྡོ་རྗེ་རིག་འཛིན་ནམ། ཕྱིས་རབ་ཏུ་བྱུང་བའི་མཚན་བྱམས་པ་ཀུན་དགའ་སངས་རྒྱས་རྒྱལ་མཚན་སོགས་ བསྟན་སྐྱོང་གི་རྒྱལ་པོ་བཞི། རྟ་ནག་མཁན་པོ་སེང་གེ་རབ་རྒྱས་སོགས་ལུང་རིགས་སྨྲ་བ་བདུན་སོགས་དུ་མ་བསྐྲུན། མཐར་དགུང་ལོ་ དོན་དྲུག་པ་རབ་བྱུང་བཅུ་བཞི་པའི་ཤིང་བྱི། ཕྱི་ལོ་ ༡༨༦༤ ལོར་བདེ་བར་གཤེགས།