ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན།
ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕག་སྤྱི་ལོ་༡༨༦༣ལོར་ཐུབ་བསྟན་ཡངས་པ་ཅན་གྱི་ཉེ་འདབ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་ དབོན་བརྒྱུད་དུ་སྐུ་བལྟམས། དགུང་ལོ་བཅུ་གཉིས་པར་ངོར་ཕན་བདེ་བླ་བྲང་དུ་ཕེབས། ཞབས་དྲུང་གི་གོ་སར་བཀོད། མཁན་ཆེན་ འཇམ་དབྱངས་རིན་ཆེན་རྡོ་རྗེ་ལས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེ་སོགས་གསན། བསྙེན་སྒྲུབ་རིགས་ཚུལ་བཞིན་བགྱིས། དགུང་ལོ་བཅོ་ལྔ་མེ་གླང་ལོར་ཁམས་སུ་ཕེབས། སྒ་ཁོག་དང། ལྷུན་གྲུབ་སྟེང་སོགས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང། ཀུན་དགའ་བསྟན་པའི་བློ་གྲོས། མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་སོགས་ཀྱི་དྲུང་དུ་བདེ་གསང་འཇིགས་གསུམ་སོགས་ ཆོས་བཀའ་མང་པོ་གསན། གཞན་ཡང་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས། སྒྲུབ་བརྩོན་བསོད་ནམས་རབ་རྒྱས། ཀོང་ སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མི་ཕམ་རྣམ་རྒྱལ། གདོང་ཀཾ་ངག་དབང་དམ་ཆོས་རྒྱལ་མཚན། སྐྱོ་མདའ་ངག་དབང་ཆོས་ འཛིན། སྙན་གྲགས་ལུང་རིགས་ཉི་མ། མཁས་གྲུབ་འཇམ་དབྱངས་ཤེས་རབ་སོགས་དམ་པ་དུ་མ་ལས་མདོ་སྔགས་རིག་གནས་དང་ བཅས་པར་གསན་བསམ་མཛད། སྒ་ཁོག་དང། མགོ་ལོག། ཏོར་ཁྲོམ། སྡེ་དགེ་སོགས་སུ་ཡུན་རིང་བཞུགས་ཏེ་བསྟན་འགྲོའི་དོན་ མཛད། དགུང་ལོ་སོ་གསུམ་པ་ཤིང་ལུག་ལོར་བོད་དུ་ཕེབས། ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་བཞུགས་ནས་ལོ་ལྔར་མཁན་པོ་ མཛད། དབང་ལུང་མན་ངག་དུ་མ་བསྩལ། སློབ་མ་ཡང་ཐར་རྩེ་ཞབས་དྲུང་རྣམ་གསུམ། ཀླུ་སྡིངས་རྒྱལ་སྲས། བྲའུ་དཔོན་ཚང་བླ་མ།
29
བྱེའུ་ཆོས་གླིང་བླ་མ། ཧོར་ཉ་གྲག་སྤྲུལ་སྐུ། ལྷུན་གྲུབ་སྟེང་དབྱར་གནས་མཁན་པོ་རྣམ་གཉིས། ཤར་ནུབ་ཆོས་རྗེ་གསར་རྙིང། སྡེ་དགེ་ ཆོས་རྒྱལ་ཡབ་སྲས་སོགས་དུ་མ་བསྐྲུན། མཐར་དགུང་ལོ་སོ་བདུན་བཞེས་པ་ས་ཕག་སྤྱི་ལོ་༡༨༩༩ལོར་ཞི་བར་གཤེགས།

