ངག་དབང་བསོད་ནམས་རྒྱལ་མཚན།
ཁོང་ནི་རབ་བྱུང་བཅུ་པའི་ས་ཁྱི། ཕྱི་ལོ་ ༡༥༩༨ ལོར་ཤར་རྒྱལ་མཁར་རྩེར་ཡབ་བདག་པོ་མཐུ་སྟོབས་དང། ཡུམ་གཡས་རུ་བྱང་པའི་ ལྕམ་ཡིད་འཛིན་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ཀྱེ་རྡོར་སོགས་རྒྱུད་གཞུང་བཅུ་གསུམ་ཐུགས་འཛིན་ མཛད། དགུང་ལོ་བཅོ་བརྒྱད་པར་འཇམ་དབྱངས་བསོད་ནམས་དབང་པོ་ལས་ཆོས་རྗེ་ས་པཎ་ནས་བརྒྱུད་པའི་དགེ་ཚུལ་གྱི་སྡོམ་པ་ མནོས། འཇམ་དབྱངས་བསོད་ནམས་ལྷུན་གྲུབ་ལས་བསྙེན་པར་རྫོགས། གདན་ས་ཆེན་པོ་ས་སྐྱ་སོགས་སུ་བྱོན་ཏེ་འཇམ་དབྱངས་ བསོད་ནམས་དབང་པོ་དང། རྡོ་རྗེ་འཆང་ངག་དབང་ཆོས་གྲགས། ཤར་ཆེན་ཤེས་རབ་འབྱུང་གནས་སོགས་མཁས་གྲུབ་དུ་མ་བསྟེན། གསུང་ངག་ལམ་འབྲས་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན། ཁྱད་པར་དུ་རབ་ འབྱམས་པ་རྡོ་རྗེ་འོད་ཟེར་ལོ་དྲུག་ཏུ་བསྟེན་ཏེ་གཞུང་ལུགས་ལ་སྦྱངས་པར་མཛད། དགུང་ལོ་ང་བརྒྱད་པ་ལུག་ལོར་ངོར་དུ་ལམ་ འབྲས་གནང་། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གཅིག་པའི་མེ་བྱ་ལོར་ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲིར་ཞབས་སོར་བཀོད། འཁོར་འདུས་པ་རྒྱ་མཚོ་ལ་གསུང་ངག་ལམ་འབྲས་བུ་དང་བཅས་པའི་དབང་ཁྲིད། མན་ངག་སོགས་ཆོས་ཀྱི་འཁོར་ལོ་བསྐོར། རབ་ བྱུང་བཅུ་གཅིག་པའི་ས་ཁྱི་ལོར་གདན་ས་དཔལ་གླིང་ཆོས་རྗེ་བསོད་ནམས་ཕུན་ཚོགས་ལ་གཏད། ཐུབ་བསྟན་དགེ་འཕེལ། བསམ་ འགྲུབ་དགོན། དཔལ་ལྡན་ས་སྐྱ་སོགས་སུ་བཞུགས་ཏེ་འཆད་སྤེལ་གནང། སློབ་མ་ཡང་མཁན་ཆེན་ནམ་མཁའ་རིན་ཆེན། ཤར་པ་ བདག་ཆེན་ཡེ་ཤེས་བཟང་པོ། མཁན་ཆེན་བསོད་ནམས་རྒྱ་མཚོ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། ཐུབ་བསྟན་མཁན་ཆེན་བཟང་པོ་ རྒྱལ་མཚན། འཇམ་དབྱངས་བཀྲིས་དཔལ་ལྡན་སོགས་དུ་མ་བྱོན། དགོན་གསར་དུ་རང་རིག་ཡེ་ཤེས་ཕོ་བྲང་གི་ལྷ་ཁང་གསར་དུ་ བཞེངས་པ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས། གསུང་རྩོམ་ཡང་རྣམ་ཐར། གསན་ཡིག། བསྙེན་ཐབས་སོགས་པོད་ གཅིག་རྗེས་འཇུག་གདུལ་བྱའི་ཆེད་དུ་བཞུགས། དམ་པ་འདི་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་དང་། བཟང་སྤྱོད་ཚར་ སྟོང་ཕྲག་བདུན་དང། གུར་གྱི་མགོན་པོའི་ཡི་གེ་བདུན་མ་འབུམ་ཚོ་བརྒྱ་དང་དོན་གཅིག་སོགས་སྒྲུབ་པ་ཉམས་ལེན་འབའ་ཞིག་མཛད།
མཐར་དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གཅིག་པའི་ཤིང་སྟག ཕྱི་ལོ་ ༡༦༧༤ ལོར་མང་མཁར་ཐུབ་བསྟན་དགེ་འཕེལ་གླིང་དུ་ སྐུ་གཤེགས།

