གདན་རབས་རིམ་བྱོན།

ངོར་ཆེན་དཀོན་མཆོག་ལྷུན་གྲུབ།

ཁོང་ནི་རབ་བྱུང་བརྒྱད་པའི་མེ་སྦྲུལ། ཕྱི་ལོ་ ༡༤༩༧ ལོར་གཙང་ས་སྐྱར་ཡབ་གྲུབ་ཐོབ་ཀུན་གྲུབ་དར་དང། ཡུམ་ལྷ་མོ་བུ་འདྲེན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལྷ་རྒོད་དར་དུ་གསོལ། དགུང་ལོ་བཅུ་གསུམ་པར་ངོར་དུ་རྗེ་དཀོན་མཆོག་འཕེལ་དང། གློ་བོ་ མཁན་ཆེན་སོགས་མཁན་སློབ་ལས་རབ་ཏུ་བྱུང་།

ངོར་ཆེན་དཀོན་མཆོག་ལྷུན་གྲུབ།

ཁོང་ནི་རབ་བྱུང་བརྒྱད་པའི་མེ་སྦྲུལ། ཕྱི་ལོ་ ༡༤༩༧ ལོར་གཙང་ས་སྐྱར་ཡབ་གྲུབ་ཐོབ་ཀུན་གྲུབ་དར་དང། ཡུམ་ལྷ་མོ་བུ་འདྲེན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལྷ་རྒོད་དར་དུ་གསོལ། དགུང་ལོ་བཅུ་གསུམ་པར་ངོར་དུ་རྗེ་དཀོན་མཆོག་འཕེལ་དང། གློ་བོ་ མཁན་ཆེན་སོགས་མཁན་སློབ་ལས་རབ་ཏུ་བྱུང་། མཚན་དཀོན་མཆོག་ལྷུན་གྲུབ་ཏུ་གསོལ། དགུང་ལོ་ཉི་ཤུ་པར་མུས་ཆེན་སངས་རྒྱས་ རིན་ཆེན་གྱིས་མཁན་པོ་དང། རྗེ་བྱ་བཏང་པ། རྗེ་ལྷ་མཆོག་སེང་གེ། ཆོས་ལུང་པ་ཕྲིན་ལས་དབང་ཕྱུག་སོགས་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། ས་ལོ་འཇམ་དབྱངས་ནམ་མཁའ་བརྟན་པ། མུས་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་ལྷ་དབང་བློ་གྲོས་སོགས་མཁས་གྲུབ་དུ་མ་ལས་གསུང་ངག་ལམ་འབྲས་སོགས་མདོ་རྒྱུད་རྒྱ་མཚོ་ལྟ་བུར་གསན་བསམ་མཐར་ཕྱིན། ཉེར་ལྔ་ནས་སོ་བདུན་བར་ངོར་གྱི་ཟུར་འཆད་མཛད་དེ་འཆད་སྤེལ་གནང་། སོ་བརྒྱད་པ་རབ་བྱུང་དགུ་པའི་ཤིང་རྟ་ལོར་ཨེ་ཝཾ་གདན་ཁྲིར་མངའ་གསོལ། གདན་ས་ལོ་ཉེར་བཞིར་མཛད། ལམ་འབྲས་ཚར་སུམ་ཅུ་རྩ་གསུམ་སོགས་འཆད་རྩོད་རྩོམ་གསུམ་དང། མཁས་བཙུན་ བཟང་གསུམ་སོགས་རྣམ་པར་དཀར་བའི་ཕྲིན་ལས་བསྐྱངས། དེའི་ཚེ་གདན་ས་ཡས་མན། ཉང་རོང་མུས། དབུས་ནཱ་ལེནྡྲ་སོགས་ཡུལ་ གྲུ་ཐ་དད་དུ་ཆོས་ཀྱི་འཁོར་ལོ་བསྐོར། སློབ་མ་ཡང་། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསམ་འགྲུབ། སྔགས་འཆང་ངག་དབང་ ཀུན་དགའ་རིན་ཆེན། པཎ་ཆེན་ལྷ་དབང་བློ་གྲོས། ངོར་ཆེན་སངས་རྒྱས་སེང་གེ། མཁན་ཆེན་ཀུན་དགའ་ལྷུན་གྲུབ་སོགས་གཙང་ དབུས་ཁམས་གསུམ་དུ་རྗེ་འདིའི་སློབ་ཚོགས་མང་དུ་བྱོན། གསུང་རྩོམ་ཡང་གཞུང་བཤད་དང། རྣམ་ཐར། གདུང་རབས་སོགས་ཆོས་ ཚན་བརྒྱ་དང་དོན་ཅུ་དོན་བདུན་པོད་ཆེན་གསུམ་དུ་བསྡུས་ཏེ་རྗེས་འཇུག་གདུལ་བྱའི་གསོས་སུ་བཞུགས། དགུང་ལོ་རེ་གཅིག་པ་རབ་ བྱུང་དགུ་པའི་མེ་སྦྲུལ། ཕྱི་ལོ་༡༥༥༧ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས།