ངོར་ཆེན་ཀུན་དགའ་བཟང་པོ།
ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཁྱི། ཕྱི་ལོ་ ༡༣༨༢ ལོར་དཔལ་ལྡན་ས་སྐྱར་ཡབ་གྲུབ་པ་ཡོན་ཏན་དང་། ཡུམ་བསོད་ནམས་དཔལ་ འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཏ་ཝེན་ཀུན་དགའ་རིན་ཆེན་གྱིས་མཚན་ཀུན་དགའ་བཟང་པོ་ཞེས་གསོལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་ལས་སྡོམ་པ་གསུམ་ནོས།དགུང་ལོ་ཉེར་ལྔའི་བར་གཙོ་བོ་ཤར་ཆེན་ཉིད་ཀྱི་ཞབས་པད་བསྟེན། མདོ་རྒྱུད་མན་ངག་གི་ཟབ་བཅུད་བླངས།
གཞན་ཡང་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས།ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཐམས་ཅད་མཁྱེན་པ་གཡག་སྟོན་སོགས་མཁས་གྲུབ་བཅུ་ཕྲག་ཕྱེད་དང་གཉིས་ལྷག་གི་ཞབས་ལ་གཏུགས། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་མཚོའི་མཐར་སོན། ཁྱད་པར་གྲུབ་ཆེན་བུདྡྷ་ཤྲཱི་ལས་གསུང་ངག་ལམ་འབྲས་སོགས་ཟབ་ཆོས་ཡོད་རྒུ་གསན། ཆོས་སྤྱི་དང་ལྷག་པར་ས་སྐྱ་པའི་གྲུབ་མཐའ་ལ་དབང་འབྱོར།དགུང་ལོ་ཞེ་བརྒྱད་ཡན་གཙོ་ཆེར་གདན་ས་ཆེན་པོར་བཞུགས་ཤིང་བཤད་སྒྲུབ་ཀྱིས་དུས་ འདའ་བར་མཛད། དགུང་ལོ་ཞེ་བརྒྱད་རབ་བྱུང་བདུན་པའི་ས་བྱ། ཕྱི་ལོ་ ༡༤༢༩ ལོར་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོ་ཕྱག་ བཏབ།
གཞན་ཡང་གློ་བོ་ཐུབ་བསྟན་དར་རྒྱས་གླིང་། ཆུ་འདུས་། སྟིང་ཁེབས། སྟེང་ཆེན། གུ་གེ་སོགས་སུ་དགེ་འདུན་གྱི་སྡེ་དུ་མ་ བཙུགས་ཏེ་འཆད་ཉན་གྱི་རྒྱུན་སྤེལ། དགེ་སློང་ཁྲི་ལྷག་གི་མཁན་པོ་མཛད། ལམ་འབྲས་ཚར་བརྒྱད་ཅུ་གྱ་གསུམ་དང། རྡོ་རྗེ་ཕྲེང་བ་ དྲུག་ཅུ་ལྷག་གིས་མཚོན་མདོ་སྔགས་ཀྱི་ཆོས་འཁོར་རྒྱུན་མ་ཆད་པར་བསྐོར།
ཞལ་སློབ་ཀྱང་། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང། མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ། ཆོས་རྗེ་གཞོན་ནུ་སེང་གེ་པ་ལ་སོགས་བཤེས་གཉེན་དུ་མ་དང། བདག་ཆེན་གཞི་ཐོག་པ་ཀུན་དགའ་དབང་ཕྱུག་སོགས་འཁོན་གདུང་རྣམས་དང་། ཐུགས་སྲས་མུས་ཆེན་དཀོན་མཆོག་རྒྱལ་མཚན། འཇམ་ དབྱངས་ཤེས་རབ་རྒྱ་མཚོ། ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་ལྡན་རྡོ་རྗེ། གུ་གེ་པཎ་ཆེན། དྭག་པོ་བཀྲིས་རྣམ་རྒྱལ། པཎ་ ཆེན་ཤཱཀྱ་མཆོག་ལྡན། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། འབུམ་ཕྲག་གསུམ་པ་བྱམས་པ་ཆོས་དོན་གྲུབ། གྲུབ་མཆོག་ དཀོན་མཆོག་ལྷུན་གྲུབ། ཀུན་མཁྱེན་གོ་རམ་པ་བསོད་ནམས་སེང་གེ གྲུབ་ཆེན་ཐང་རྒྱལ་སོགས་སློབ་ཚོགས་གྲངས་ལས་འདས་པ་ བྱོན། གསུང་རྩོམ་ཡང་། རྣམ་ཐར་དང་། བསྟོད་པ། རྒྱུད་འགྲེལ་སོགས་གླེགས་བམ་བཞི་ལྷག་བཞུགས། མཐར་དགུང་ལོ་དོན་ལྔ་རབ་ བྱུང་བརྒྱད་པའི་མེ་བྱི། ཕྱི་ལོ་ ༡༤༥༦ ལོར་བདེ་བར་གཤེགས་སོ།།

