གདན་རབས་རིམ་བྱོན།

ངོར་ཆེན་སངས་རྒྱས་སེང་གེ།

ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་བྱི། ཕྱི་ལོ་ ༡༥༠༤ ལོར་དཔལ་ལྡན་ས་སྐྱའི་གུ་ར་བདེ་ལྡན་དུ། ཡབ་དཔོན་ནེ་ཚེ་དབང་དཔལ་ འབྱོར་དང་། ཡུམ་གཡུང་དྲུང་སྲས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལྷ་མོ་ཚེ་རིང་ཞེས་གསོལ། དགུང་ལོ་བརྒྱད་ལ་ ཡོངས་འཛིན་དཀོན་མཆོག་འཕེལ་ལས་དགེ་བསྙེན་གྱི་སྡོམ་པ་ཐོབ།

ངོར་ཆེན་སངས་རྒྱས་སེང་གེ།

ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་བྱི། ཕྱི་ལོ་ ༡༥༠༤ ལོར་དཔལ་ལྡན་ས་སྐྱའི་གུ་ར་བདེ་ལྡན་དུ། ཡབ་དཔོན་ནེ་ཚེ་དབང་དཔལ་ འབྱོར་དང་། ཡུམ་གཡུང་དྲུང་སྲས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལྷ་མོ་ཚེ་རིང་ཞེས་གསོལ། དགུང་ལོ་བརྒྱད་ལ་ ཡོངས་འཛིན་དཀོན་མཆོག་འཕེལ་ལས་དགེ་བསྙེན་གྱི་སྡོམ་པ་ཐོབ། དགུང་ལོ་བཅུ་གསུམ་པར་ཨེ་ཝཾ་དུ་ཕེབས། མཁན་པོ་རྗེ་སངས་ རྒྱས་རིན་ཆེན་དང་། ལས་སློབ་རྗེ་ལྷ་མཆོག་སོགས་ལས་རབ་ཏུ་བྱུང་། མཚན་སངས་རྒྱས་སེངྒེ་གསོལ།ཐུབ་བསྟན་རྣམ་རྒྱལ་དུ་བྱོན། རབ་འབྱམས་སྨྲ་བ་ཆོས་གྲགས་རྒྱ་མཚོ་དང་། བློ་གྲོས་རབ་ཡངས་སོགས་ལས་མཚན་ཉིད་ཀྱི་གསན་སྦྱོང་མཐར་ཕྱིན་མཛད། དཔལ་ ལྡན་ས་སྐྱར་ས་ལོ་འཇམ་དབྱངས་ཆེན་པོ་སོགས་མཁས་མང་འདུས་པའི་དབུས་སུ་རབ་འབྱམས་གྲྭ་སྐོར་མཛད། ཡང་ཨེ་ཝཾ་དུ་ཕེབས། སྔར་གྱི་སློབ་དཔོན་གྱིས་མཁན་པོ། རྗེ་བློ་གྲོས་རབ་ཡངས་པས་སློབ་དཔོན། གཉན་ལོས་གསང་སྟོན། རྗེ་དཀོན་མཆོག་ལྷུན་གྲུབ་པས་ དུས་བསྒོ་མཛད་ནས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། ཁྱད་པར་མུས་ཆེན་སངས་རྒྱས་རིན་ཆེན་དང་། རྗེ་ལྷ་མཆོག་པ་ གཉིས་ལས་གསུང་ངག་ལམ་འབྲས་བུ་བཅས་པའི་གདམས་ངག་ལན་མང་གིས་མཚོན་བཤད་པའི་རྣམ་གྲངས་དུ་མ་གསན། གཞན་ ཡང་ཐུབ་བསྟན་སློབ་དཔོན། གཉན་ལོ་བདག་ཆེན་ངག་དབང་གྲགས་སོགས་མཁས་གྲུབ་དུ་མ་ལས་གསན་བསམ་གནང་། གློ་བོ། ཆུ་ འདུས། མུས། ཐུབ་བསྟན་ཡངས་པ་ཅན། ཐུབ་བསྟན་རྣམ་རྒྱལ་སོགས་ལ་ཆོས་འཁོར་རྒྱ་ཆེར་བསྐོར། མུས་གསང་སྔགས་རྡོ་རྗེ་གླིང་ གི་མཁན་པོ་མཛད། དགུང་ལོ་ང་བཞི་པ་མེ་སྦྲུལ་ལོར་དཔལ་ཨེ་ཝཾ་པའི་བཞུགས་ཁྲིར་མངའ་གསོལ། གཞན་ཡང་འབྲས་ཡུལ་སྐྱེད་ ཚལ།ན་ལེནྡྲ།ཆུ་ཤུལ་ཕག་གདོང་། ཞ་ལུ། སྣ་ཐང་། ཕོ་བྲང་བསམ་གྲུབ་རྩེ་སོགས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚར་བཅུ་ བདུན་སོགས་མདོ་སྔགས་ཀྱི་འཆད་པའི་རྒྱུན་སྤེལ། སློབ་མ་ཡང་། ཀུན་དགའ་བསམ་འགྲུབ་སྐུ་མཆེད། ཆོས་རྗེ་ཤེས་རབ་རྒྱལ་མཚན། ཞྭ་ལུ་མཁན་ཆེན་མཁྱེན་བརྩེ་དབང་ཕྱུག། ཆོས་རྗེ་དཀོན་མཆོག་དཔལ་ལྡན་སོགས་གཙང་དབུས་ཁམས་གསུམ་དུ་སློབ་ཚོགས་དུ་མ་བྱོན། གསུང་རྩོམ་ཡང་སྐྱབས་འགྲོའི་བཤད་པ། བདེ་མཆོག་དྲིལ་བུ་པའི་བྱིན་རླབས་བྱ་ཚུལ་སོགས་བསྟན་བཅོས་དུ་མ་མཛད། མཐར་དགུང་ལོ་དྲུག་ཅུ་རེ་དྲུག་པ་ས་སྦྲུལ། ཕྱི་ལོ་ ༡༥༦༩ ལོར་སྐུ་གཤེགས།