ཤར་ཆེན་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན།
ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ། ཕྱི་ལོ་ ༡༨༩༦ ལོར་ཤར་ཆེན་དམ་པའི་གདུང་ལས་ཡབ་མགོན་པོ་དང། ཡུམ་བོ་དོང་དཔལ་ ཡོན་པའི་སྲས་མོ་བསོད་ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་དུས་ངོར་པའི་མཁན་ཁྲི་ཁང་གསར་ མཁན་ཆེན་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོའི་མདུན་ནས་ལམ་འབྲས་དང། དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཕུན་ ཚོགས་བསྟན་པའི་རྒྱལ་མཚན་དུ་གསོལ། ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོས་ཤར་ཆེན་མི་འགྱུར་རྒྱལ་མཚན་གྱི་སྤྲུལ་ སྐུར་ངོས་འཛིན་གནང་། སྒ་ཨ་ཁྲོ་དགོན་དུ་ཕེབས་ཏེ་རྒན་སངས་རྒྱས་བཟང་པོ་དང། སྒ་སྟོད་གདོང་སྤྲད་དགོན་པའི་བླ་མ་བློ་གྲོས་ བསྟན་འཛིན། ཁྲོམ་རྡོ་ཁོག་དགོན་པའི་བླ་མ་བློ་གྲོས་ཕུན་ཚོགས། ཕན་བདེ་མཁན་ཆེན་བྱམས་པ་དཔལ་ལྡན་ཆོས་མཛད། གྲུབ་ དབང་ཀུན་དགའ་ཉི་མ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་གནང། དགུང་ལོ་སུམ་ ཅུ་པར་གདན་ས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ཤར་ཆེན་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་ལས་ལམ་འབྲས་ཚོགས་བཤད་ སོགས་ཆོས་མང་པོ་དང། ངོར་ཆེན་གྱི་སྡོམ་རྒྱུན་དགེ་ཚུལ་སློང་གི་སྡོམ་པ་གསན། མཚན་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་ མཚན་དཔལ་བཟང་པོ་ཞེས་གསོལ། ངོར་དུ་བཀའ་ཆོས་གསན་གྲུབ་ནས་ཁམས་ཕྱོགས་སུ་ཕེབས་ཏེ་ལོ་ངོ་བཅུ་ཕྲག་ལྷག་སྐུ་མཚམས་ བཞུགས། སྐྱེ་དགོན་དང་། སྡེ་དགེ་ཕྱོགས་སུ་སྒྲུབ་ཐབས་ཀུན་བཏུས་སོགས་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་དར་རྒྱས་མཛད། དགུང་ལོ་ ཞེ་བདུན་པར་གདན་ས་ཆེན་པོར་མཁན་པོ་ཁྲི་ཕེབས་ཀྱི་མཛད་ཕྲིན་སྐྱོང་བར་ཕེབས། ལམ་འབྲས་དང་རྒྱུད་སྡེ་ཀུན་བཏུས་སོགས་ དབང་ལུང་མན་ངག་དུ་མ་སྩལ། ཤིང་བྱ་ལོར་ཀླུ་ལྡིང་བླ་བྲང་ཉམས་གསོ་གནང། སླར་ཡང་མདོ་ཁམས་ཁྲ་རིགས་དགོན། ཁྲི་འདུ་ དགོན། སྐྱེ་རྒུ་དགོན་སོགས་སུ་ཕེབས་ཏེ་མཛད་ཕྲིན་བསྐྱངས། མཐར་དགུང་ལོ་ལྔ་བཅུ་ང་བདུན་ཆུ་འབྲུག་ཟླ་བ་གསུམ་པའི་ཚེས་ཉེར་ དགུའི་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས།

