གདན་རབས་རིམ་བྱོན།

ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས།

ཁོང་ནི་རབ་བྱུང་དགུ་པའི་ས་རྟ། ཕྱི་ལོ་ ༡༥༥༨ ལོར་དཔལ་ལྡན་ས་སྐྱའི་གུ་ར་བླ་བྲང་དུ་ཡབ་ཀུན་དགའ་ཡེ་ཤེས་དང། ཡུམ་དབང་ ལྡན་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཀུན་དགའ་དཔལ་འབྱོར་དུ་གསོལ། དགུང་ལོ་དགུ་དང་བཅུའི་དུས་རྩ་རྒྱུད་བརྟག་ གཉིས་དང་ཚུལ་ལྗོན་སོགས་ཐུགས་ལ་བཟུང།

ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས།

ཁོང་ནི་རབ་བྱུང་དགུ་པའི་ས་རྟ། ཕྱི་ལོ་ ༡༥༥༨ ལོར་དཔལ་ལྡན་ས་སྐྱའི་གུ་ར་བླ་བྲང་དུ་ཡབ་ཀུན་དགའ་ཡེ་ཤེས་དང། ཡུམ་དབང་ ལྡན་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཀུན་དགའ་དཔལ་འབྱོར་དུ་གསོལ། དགུང་ལོ་དགུ་དང་བཅུའི་དུས་རྩ་རྒྱུད་བརྟག་ གཉིས་དང་ཚུལ་ལྗོན་སོགས་ཐུགས་ལ་བཟུང། དགུང་ལོ་བཅུ་གཅིག་པར་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། མཁན་པོ་སངས་རྒྱས་ སེངྒེའི་དྲུང་དུ་གསུང་ངག་ལམ་འབྲས་དང་བརྟག་གཉིས་སོགས་གསན། མཁན་པོ་རྗེ་དེ་ཉིད་དང་། སློབ་དཔོན་རྗེ་ཤར་ཁང་པ་སོགས་ ལས་རབ་ཏུ་བྱུང་། མཚན་ཀུན་དགའ་བཀྲིས་གསོལ། གཞན་ཡང་རྗེ་དཀོན་མཆོག་དཔལ་ལྡན། རྗེ་ཐར་རྩེ། བརྡ་སྤྲོད་པ་བློ་གྲོས་བཀྲ་ ཤིས། སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། འཇམ་དབྱངས་ཀུན་དགའ་བསོད་ ནམས་ལྷུན་གྲུབ། ཁྲི་ཆེན་བསོད་ནམས་དབང་པོ་སོགས་དུ་མ་བསྟེན། ལམ་འབྲས་ཚར་ལྔས་གཙོས་དམ་ཆོས་མང་དུ་གསན་ཏེ་མཁས་ པར་གྲགས། དགུང་ལོ་བཅུ་དྲུག་པ་ནས་བཟུང་དཔལ་ཨེ་ཝཾ་པའི་ཟུར་ཆོས་མཛད། དགུང་ལོ་ཉེར་གཉིས་པར་འཇམ་དབྱངས་དཀོན་ མཆོག་རྒྱ་མཚོ་སོགས་ལས་བསྙེན་པར་རྫོགས། མཚན་བྱམས་པ་ཀུན་དགའ་བཀྲིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། དགུང་ལོ་ཉེར་དགུ་པར་མདོ་ཁམས་ཕྱོགས་སུ་ཕེབས་ཏེ་ལོ་བརྒྱད་རིང་འཕྲིན་ལས་བསྐྱངས། སྤྱིར་ས་སྐྱ་པ་དང་ཁྱད་པར་ཀུན་མཁྱེན་ ཨེ་ཝཾ་པའི་བསྟན་པ་ཁམས་ཕྱོགས་སུ་ཉི་མ་ཤར་བ་ལྟར་དར་རྒྱས་མཛད། དགུང་ལོ་སོ་བརྒྱད་པ་ཤིང་ལུག་ལོར་རྡོ་རྗེ་འཆང་ཀུན་དགའ་ བཟང་པོའི་ཁྲི་ལ་མངའ་གསོལ། གདན་ས་ལོ་ཉེར་གཅིག་བསྐྱངས། གསུང་ངག་ལམ་འབྲས་ཚར་ཉི་ཤུས་མཚོན་པའི་ཆོས་ཀྱི་འཁོར་ལོ་ བསྐོར།

སློབ་མ་ཡང་། བདག་ཆེན་འཇམ་དབྱངས་མཐུ་སྟོོབས་དབང་ཕྱུག། བདག་ཆེན་ཀུན་དགའ་བཟང་པོ། ཨེ་ཝྃ་མཁན་ཆེན་ དཔལ་ལྡན་དོན་གྲུབ། མཁན་ཆེན་ནམ་མཁའ་སངས་རྒྱས་སོགས་དབུས་གཙང་ཁམས་གསུམ་དུ་སློབ་ཚོགས་དུ་མ་བྱོན། ལེགས་ བཤད་ཀྱང་ཞལ་གདམས་དང། བསྟོད་ཚོགས། གསན་ཡིག་སོགས་ཆོས་ཚན་སུམ་ཅུ་སོ་བདུན་བརྩམས་པ་སོགས་བསྟན་འགྲོའི་དཔལ་ མགོན་དུ་གྱུར། མཐར་དགུང་ལོ་ལྔ་བཅུ་ང་བརྒྱད་རབ་བྱུང་བཅུ་པའི་ཤིང་ཡོས། ཕྱི་ལོ་ ༡༦༡༥ ལོར་བདེ་བར་གཤེགས།