ཤར་ཆེན་ཀླུ་ལྡིང་པ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན།
ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་ལུག་ལོར་ཟླ་བ་ལྔ་པའི་ཚེས་བཞི་ཉིན་ཡབ་ཤར་ཆེན་ཀླུ་ལྡིང་པ་རིན་ཆེན་དབང་རྒྱལ་དང། ཡུམ་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་པའི་ཁྲི་ཆེན་རྡོ་རྗེ་འཆང་གི་སྐུའི་གཅེན་མོ་འཆི་མེད་ཕྲིན་ལས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༤༧ ལོར་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ མཚན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དུ་གསོལ། དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ལས་ལམ་འབྲས་ཚོགས་སློབ། རྒྱུད་སྡེ་ཀུན་ བཏུས། སྒྲུབ་ཐབས་ཀུན་བཏུས་སོགས་སྙན་བརྒྱུད་མཐའ་ཡས་པ་གསན། གདུང་སྲས་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་ལས་ལམ་འབྲས་ སློབ་བཤད་དང། མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་ལས་ལམ་འབྲས་ཚོགས་སློབ་ཚར་གྲངས་གསན། དགུང་གྲངས་ཉི་ཤུ་ རྩ་གཅིག་པར་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་དང། ལས་སློབ་མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་ལས་གནས་ མཆོག་རྡོ་རྗེ་གདན་གྱི་གནྡྷོ་ལ་ཆེན་པོའི་ཡང་སྟེང་དུ་བསྙེན་པར་རྫོགས། ས་སྐྱ་མཐོ་སློབ་ཏུ་མཁན་ཆེན་ཨ་པད་རིན་པོ་ཆེ་དང། མཁན་ རིན་པོ་ཆེ་མིག་དམར་རྣམ་གཉིས་ལས་གཞུང་ལུགས་མང་པོ་གསན་བསམ་གནང་སྟེ་བཀའ་བཅུ་པའི་ཕྱག་ཁྱེར་བཞེས། གཞན་ཡང་ མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་ཡོངས་འཛིན་དུ་མ་བསྟེན་མདོ་སྔགས་གཞུང་ལུགས་རྒྱ་མཚོར་ཐོས་བསམ་དཔྱིས་ཕྱིན་པར་ མཛད། ལྕགས་འབྲུག་ཟླ་བ་གཉིས་པའི་ཚེས་བཅུ་གཉིས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་ཆེན་ཉིན། དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་ འཆང་ཆེན་པོ་མཆོག་ནས་འཕགས་ཡུལ་ངོར་ཨེ་ཝཾ་ཆོས་ལྡན་དུ་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ཏུ་མཁན་ཁྲིར་མངའ་གསོལ་མཛད་དེ་ གསུང་ངག་ལམ་འབྲས་སོགས་དབང་ཆོས་དུ་མ་སྩལ་ཞིང། སྔ་ཕྱི་བོད་ལ་ཐེངས་མང་དང་། རྒྱ་གར། བལ་ཡུལ། ཕྱི་རྒྱལ་སོགས་ཡུལ་
35
གྲུ་དུ་མར་ཆོས་ཀྱི་འཁོར་ལོ་སྐོར་བཞིན་བསྟན་འགྲོའི་དོན་མཛད་བཞིན། ངོར་པའི་ཕྱི་ནང་ཐུགས་འགན་བཞེས་ཤིང། ད་ལྟ་སྐུ་འཚོ་ བརྟན་ཅིང་མཛད་ཕྲིན་རྒྱས་ཤིང་བཞུགས་པ་ལགས་སོ། །

