ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།
ཁོང་ནི་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོར་གཙང་སྟོད་རྟ་ནག་ཤུད་གུད་སྤེལ་དུ་སྐུ་བལྟམས། སྐུ་ཆུང་ངུ་ནས་ངོར་ཨེ་ཝཾ་ཐར་རྩེ་བླ་ བྲང་དུ་གདན་དྲངས། ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་ཞབས་དྲུང་གི་མཚན་ གསོལ། ཕན་བདེ་མཁན་ཆེན་ངག་དབང་མཁས་གྲུབ་རྒྱ་མཚོ་ལས་གསུང་ངག་ལམ་འབྲས་ཀྱིས་གཙོས་ཟབ་ཆོས་དུ་མ་དང། བྱང་སྡོམ་ དང་། བསྙེན་རྫོགས་ཞུས། མཁན་ཆེན་དམ་པ་རྡོ་རྗེ་འཆང་ལས་ལམ་འབྲས་སློབ་བཤད་སོགས་ཆོས་མང་པོ་གསན། རྟ་ནག་མཁན་ ཆེན་ངག་གི་དབང་ཕྱུག། རྫོང་སར་མཁན་ཆེན་མདོ་སྲིབ་ཐུབ་བསྟན། མཁན་ཆེན་ཨ་པད་རིན་པོ་ཆེ་སོགས་ཡོངས་འཛིན་དུ་མ་ལས་ མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་གནང། ལྷག་ལྷ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། ལྕགས་ཡོས་ལོར་ཀུན་མཁྱེན་ ཨེ་ཝཾ་པ་ཆེན་པོའི་རྒྱལ་ཚབ་ཏུ་གསེར་ཁྲིར་ཕེབས། ལོ་གསུམ་རིང་ལམ་འབྲས་ཀྱིས་གཙོས་སྡོམ་པ་གསུམ་གྱི་གདུལ་བྱ་མང་པོ་སྨིན་ གྲོལ་ལ་བཀོད། ངོར་དུ་མཁན་ཆེན་ཨ་པད་རིན་པོ་ཆེ་གདན་ཞུས་སོགས་བཤད་གྲྭའི་སྐོར་ལ་མཐུན་འགྱུར་བཀའ་དྲིན་བླ་མེད་ བསྐྱངས། ས་ཕག་ལོར་བོད་དུས་འགྱུར་སྐབས་རྒྱ་གར་དུ་ཕེབས། ཐོག་མར་སྒང་ཏོག་ཏུ་འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ མདུན་ནས་དབང་ཆོས་འགའ་གསན། དེ་ནས་རྡོར་གླིང་དུ་ཕེབས། ༧གོང་ས་ཆེན་པོའི་བཀའ་འབྲེལ་འཇར་པན་དུ་ཕེབས་ཏེ་གཞུང་ དོན་ཕྱག་ལས་ཆེ་ཕྲ་ཚགས་ཚུད་གནང། ས་སྐྱ་བཀའ་འབུམ་དང། ངོར་ཆེན་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ་བཅས་དེབ་ གཟུགས་ཤིན་ཏུ་སྤུས་ལྡན་སྤར་འདེབས་མཛད་པ་སོགས་བསྟན་འགྲོའི་དོན་མཛད། མཐར་དགུང་ལོ་ལྔ་བཅུ་ང་ལྔ་མེ་ཡོས་ཟླ་བ་བཅུ་ པའི་ཚེས་གཅིག་ཉིན་དགོངས་པ་གཞན་དོན་དུ་གཤེགས།

